ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ན་ནིང་ས་འགུལ་ཡོང་དུས་ངེད་གཉིས་ཀྱིས་ང་ཚོའི་གྲོང་སྡེར་རོགས་སྐྱོར་ཡོང་མཁན་ལས་བྱེད་པ་ཨ་ཁུ་དང་ཨ་ནེ་ཚོར་སྐད་སྒྱུར་བྱེད་རོགས་བྱས་པ་ཡིན། ད་ལོར་ས་འགུལ་གྱི་གནོད་པ་ཐེབས་རྗེས་ཀྱི་བསྐྱར་འཛུགས་ལས་ཀ་སྤེལ་བའི་ཚེ། ངེད་གཉིས་ཀྱིས་གཟའ་མཇུག་གི་ངལ་གསོའི་དུས་ཚོད་སྤྱད་ནས་གྲོང་མི་དང་རོགས་འཛུགས་བྱེད་མཁན་ཧྭ་ཞི་ཚོགས་ཁག་གི་ལས་བཟོ་བ་ཨ་ཁུ་དང་ཨ་ནེ་ཚོའི་བར་སྐད་སྒྱུར་བྱས་ནས་བསྐྱར་འཛུགས་ལས་ཀར་རང་གིས་ལྕོགས་ཚད་ཀྱི་ནུས་པ་ཕུལ་ཡོད་ཅེས་པ་ནི་དར་མདོ་གྲོང་ཁྱེར་ར་རྔ་ཁའི་ལྟེ་གནས་སློབ་ཆུང་གི་ལོ་རིམ་དྲུག་པའི་སློབ་མ་ཤེས་རབ་རྒྱ་མཚོ་དང་འཇམ་དབྱངས་སྒྲོལ་མས་གསར་འགོད་པར་བཤད་པའི་སྐད་ཆ་ཐུང་ངུ་ཞིག་རེད།  ན་ནིང་དར་མདོར་ས་འགུལ་ཡོང་དུས་ར་རྔ་ཁ་གྲོང་རྡལ་གཡུ་རྩེ་ཤུལ་གྲོང་སྡེ་གསུམ་པ་ལ་ཡང་ས་འགུལ་གྱི་གནོད་སྐྱོན་ཚབས་ཆེན་ཐེབས་པ་དང་། སློབ་མ་ཤེས་རབ་རྒྱ་མཚོ་དང་འཇམ་དབྱངས་སྒྲོལ་མ་གཉིས་ཀྱིས་སྡེ་དཔོན་གྱིས་བཀའ་བཀོད་བྱས་པ་ལྟར་ཕ་ཡུལ་ལ་འགུལ་འགོག་གནོད་སེལ་བྱེད་དུ་ཡོང་བའི་བོད་སྐད་མི་ཤེས་པའི་གསར་འགོད་པ་དང་ལས་བྱེད་པར་རྒྱ་སྐད་བོད་སྒྱུར་བྱས་ནས་ལས་བྱེད་པ་དང་གནོད་ཐེབས་མང་ཚོགས་བར་འབྲེལ་ཟམ་བཙུགས་ཏེ་ཕན་ཆེན་པོ་ཐོགས་ཡོད་པས་མི་ཚང་མས་ཁོ་གཉིས་ལ་ས་འགུལ་ཁྲོད་ཀྱི་སྐད་སྒྱུར་པ་ཆུང་ཆུང་ཞེས་བསྟོད་བསྔགས་བྱས་པར་མ་ཟད་གསར་འགྱུར་བཀོད་ནས་ཁོ་གཉིས་ཀྱི་བྱས་རྗེས་དྲིལ་བསྒྲགས་བྱས་ཡོད་པ་རེད།

ཁོ་གཉིས་ཀྱི་འཛིན་བདག་ཚེ་རིང་གཡང་འཛོམས་ཀྱིས་སློབ་མ་གཉིས་ཀ་སློབ་སྦྱོང་ལ་འབད་བརྩོན་ཆེ་ཞིང་གླུ་ལེན་གར་རྩེ་ལ་དགའ་བར་མ་ཟད། ཕ་ཡུལ་གྱི་བསྐྱར་འཛུགས་ལས་ཀར་སེམས་ཁུར་བྱས་ནས་རང་ནུས་ཕྲན་བུ་ཡིན་ཡང་འདོན་གང་ཐུབ་བྱས་པ་རེད། ང་ཚོས་ཁོ་གཉིས་ཀྱི་སྤྱོད་བཟང་དེ་སློབ་མ་ཚང་མ་ལ་དྲིལ་བསྒྲགས་བྱས་པར་བརྒྱུད་སློབ་མ་ཀུན་གྱི་རྒྱུད་ལ་ཕ་ཡུལ་དང་མི་གཞན་གྱི་ཆེད་དུ་རང་ནུས་གང་ལྕོགས་བསྒྲུབ་པའི་བསམ་པའི་ས་བོན་བཟང་པོ་ཞིག་འདེབས་ཐུབ་སོང་ཞེས་བཤད་པ་རེད།  ར་རྔ་ཁའི་ལྟེ་གནས་སློབ་ཆུང་ལ་སློབ་མ900ལྷག་ཡོད་ཅིང་སློབ་མའི་ཡོང་ཁུངས་ནི་ཤང་དགུ་དང་གྲོང་རྡལ་གཅིག་དང་། དེ་མིན་དཔལ་ཡུལ་དང་སྡེ་དགེ ཉག་ཆུ་རྫོང་བཅས་ནས་ཡིན་ཞིང་ད་དུང་ངལ་ལས་རྒྱག་མཁན་གྱི་བུ་ཕྲུག་ཚོ་ཡིན་པ་རེད། ན་ནིང་ས་འགུལ་ཁྲོད་དུ་སློབ་གྲྭའི་རྨང་གཞིའི་སྒྲིག་ཆས་ལ་གནོད་སྐྱོན་ཚབས་ཆེན་ཐེབས་ཤིང་སློབ་ཁྲིད་ཐོག་ཁང་ལ་གས་སྐྱོན་བྱུང་ནས་ཉེན་ཅན་ཁང་པར་གྱུར་པས་ད་ལྟ་སློབ་མ་ཚོ་གནས་སྐབས་སྟབས་བདེའི་པང་ཁང་དུ་སློབ་ཁྲིད་ཉན་བཞིན་ཡོད། སློབ་གཙོ་བཀྲ་ཤིས་རྒྱ་མཚོས་སྤྲོ་སེམས་འཕེལ་བའི་ངང་གསར་འགོད་པར་མིག་སྔར་ང་ཚོའི་སློབ་གྲྭར་གང་ཅིའི་ཐད་ནས་དཀའ་ངལ་ཡོད་མོད། འོན་ཀྱང་གཞུང་ཕྱོགས་ནས་ལས་གཞི་གང་མང་སྡེབ་སྒྲིལ་བྱས་ཤིང་སྒོར་ཁྱོན་བསྡོམས་ཁྲི3000ལྷག་བཏང་ནས་སློབ་ཁྲིད་ཐོག་ཁང་དང་དགེ་སློབ་སྡོད་ཁང་། ཚོད་ལྟའི་ཕྱོགས་འདུས་ཐོག་ཁང་། ཟ་ཁང་བཅས་ཆ་ཡོངས་སུ་ཚང་བའི་རྨང་གཞིའི་སྒྲིག་ཆས་གསར་བཞེངས་བྱེད་སྒང་ཡིན་ལ། ཁ་ཤས་ཀྱི་སྤྱི་ཁོག་ཀྱང་ལངས་ཟིན། སང་ལོར་སློབ་མ1200ལྷག་ཤོང་ཞིང་ཆ་རྐྱེན་ཡོངས་སུ་འཛོམས་པ་དང་། མཛེས་ཤིང་གསར་རྐྱང་ཡིན་པའི་སློབ་གྲྭ་ཞིག་ང་ཚོའི་མིག་སྣང་དུ་འཆར་ངེས་རེད་ཅེས་བཤད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

དབྱར་དུས་ཀྱི་གྱ་གྱུ་ལའི་མཛེས་ལྗོངས།

ལྔ་པའི་ཚེས་ལྔའི་དུས་ཆེན་སྐབས་སུ་དམར་ཐང་རྫོང་གིས་གནས་སྐོར་པ་མི་ཐེངས5130ལ་སྣེ་ལེན་བྱས་པ།

རྔ་བ་རྫོང་གིས་སྤྱི་ཚོགས་འགན་སྲུང་དང་འཕྲོད་བསྟེན་འདྲི་རྟོག་བྱ་འགུལ་སྤེལ་བ།

རིག་གནས་འཁྲབ་སྟོན་རླངས་འཁོར་དཀར་མཛེས་སུ་ཕྱིན་ནས་འཚམས་འདྲི་འཁྲབ་སྟོན་བྱས་པ།

རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་རྔ་བ་རྫོང་གིས་དབུལ་ཕོངས་དབང་པོ་སྐྱོན་ཅན་བརྒྱད་ཅུ་ལ་འཁོར་ཁྲིའུ་བྱིན་པ།