མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

དཀར་མཛེས་ཁུལ་འཐབ་ཕྱོགས་གཅིག་གྱུར་དང་ཆོས་ལུགས་མ་ལག་གིས་ས་འགུལ་གནོད་ཐེབས་དགོན་པར་ཞལ་འདེབས་སྒོར་ཁྲི40ཕུལ།

  ཡོང་ཁུངས། ཁམས་པའི་དྲ་བ།  2014-12-29 11:07

གནོད་ཐེབས་ས་ཁུལ་ལ་ཞལ་འདེབས་ཕུལ་བཞིན་པ།

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས24ཉིན། ཁུལ་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཁུལ་ཆོས་ལུགས་ཅུས། ཁུལ་ནང་བསྟན་མཐུན་ཚོགས། ཁུལ་བོད་རིག་པའི་ཞིབ་འཇུག་ཁང་བཅས་ལས་གྲུབ་པའི་ལས་སྒྲུབ་ཚོ་ཆུང་དར་མདོ་རྫོང་གི་བཀྲ་ཤིས་དགོན་པ་དང་ལྷ་སྒང་དགོན་པ། རྟའུ་རྫོང་གི་མགར་ཐར་དགོན་པ་དང་ཅིག་ལུང་དགོན་པ་བཅས་ས་འགུལ་ཁྲོད་དུ་གནོད་སྐྱོན་ཚབས་ཆེན་ཐེབས་པའི་དགོན་བ་བཞིར་ཕྱིན་ནས་ཞལ་འདེབས་སྒོར་ཁྲི40ཕུལ་བ་རེད། དར་མདོའི་གནོད་ཐེབས་དགོན་པར་ཞལ་འདེབས་ཕུལ་བའི་མཛད་སྒོ་དེ་དར་མདོའི་བཀྲ་ཤིས་དགོན་དུ་སྤེལ་ཞིང་ཁུལ་ཨུའི་རྒྱུན་ཨུ་དང་ཁུལ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཏོན་ནེ་ཁེས་མངགས་བཅོལ་གནང་བ་ལྟར་ཁུལ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཚངས་དཀར་ཚུལ་ཁྲིམས་ཀྱིས་གནོད་ཐེབས་གྲྭ་བཙུན་རྣམས་ལ་མཛའ་བརྩེའི་འཚམས་འདྲི་ཞུས་ཐོག་ཀྲུང་དབྱང་དང་ཞིང་ཆེན། ཁུལ། རྫོང་བཅས་ཀྱིས་དགོན་པའི་གནོད་རྗེས་བསྐྱར་འཛུགས་ལས་ཀར་མཐོང་ཆེན་གནང་བཞིན་ཡོད་ཚུལ་བཤད་པར་མ་ཟད་སི་ཁྲོན་གྱི་འགུལ་འགོག་གནོད་སེལ་གྱི་སྙིང་སྟོབས་དར་སྤེལ་བཏང་ནས་ཁྱིམ་གཞིས་བསྐྱར་འཛུགས་སྔར་ལས་ཡག་པ་བྱ་དགོས་པའི་སྐུལ་མ་བཏང་བ་རེད།

དར་མདོའི་བཀྲ་ཤིས་དགོན་པའི་སྤྲུལ་སྐུ་འབྲུག་དགས་གནོད་ཐེབས་ཚབས་ཆེན་ཕོག་པའི་དགོན་པ་ཁག་གི་ཚབ་ཞུས་ནས་འབྲེལ་ཡོད་སྡེ་ཚན་ལ་བཀའ་དྲིན་ཆེ་ཞུས་པར་མ་ཟད་ཏང་དང་སྲིད་གཞུང་གིས་མུ་མཐུད་དེ་དགོན་པའི་བསྐྱར་འཛུགས་ལས་ཀར་ཐུགས་ཁུར་དང་རྒྱབ་སྐྱོར་ཆེན་པོ་གནང་བའི་རེ་བ་ཞུས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། དར་མདོར་ཚད་རིམ6.3གྱི་ས་འགུལ་བྱུང་རྗེས་རང་ཁུལ་གྱི་དར་མདོ་དང་ལྕགས་ཟམ། རོང་བྲག བརྒྱད་ཟིལ། ཉག་ཆུ། རྟའུ་རྫོང་དང་དུང་དཀར་ལུང་པ་བཅས་ཀྱི་དགོན་པ་དང་ལྷ་ཁང81ལ་ཚད་མི་འདྲ་བའི་གནོད་སྐྱོན་ཐེབས་ཤིང་ལོ་རྒྱུས་ཡུན་རིང་ལྡན་པའི་རིག་དངོས་ཏེ་ལྡེབས་རིས་དང་ལྷ་སྐུ་ཚན་པ་ཁ་ཤས་ལ་གཏོར་བཤིག་ཚབས་ཆེན་ཐེབས་པ་རེད། རང་ཁུལ་འཐབ་ཕྱོགས་གཅིག་གྱུར་དང་ཆོས་ལུགས་མ་ལག་གིས་དུས་ཐོག་དགོན་པ་སོ་སོར་ཞུགས་ནས་གནོད་འགོག་གནོད་སེལ་གྱི་ལས་ཀར་ཧུར་ཐག་གིས་ཞུགས་པས་མ་ཚད་གཅེས་སེམས་ཕུལ་བའི་བྱེད་སྒོ་སྤེལ་ཏེ་ཁུལ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་སྒོར་ཁྲི20དང་། ཁུལ་ཆོས་ལུགས་ཅུས་དང་ཁུལ་ནང་བསྟན་མཐུན་ཚོགས། ཁུལ་བོད་རིག་པའི་ཞིབ་འཇུག་ཁང་སོ་སོས་སྒོར་ཁྲི5དང་། ཁུལ་འཐབ་ཕྱོགས་གཅིག་གྱུར་མ་ལག་གི་མི་སྒེར་གྱིས་སྒོར་ཁྲི5.38བཅས་བསྡོམས་པས་སྒོར་ཁྲི40.38ཞལ་འདེབས་མ་དངུལ་བསྡུས་པ་རེད།

མིག་སྔར། གནོད་ཐེབས་རྫོང་ཁག་སོ་སོས་རིགས་བགོས་ནས་དགོན་པར་གནོད་སྐྱོན་ཐེབས་ཚུལ་གྱི་རྣམ་གྲངས་ལས་ཀ་སྤེལ་བཞིན་ཡོད།  །

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག