མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

ས་ཡོམ་རྗེས་སི་ཁྲོན་དཀར་མཛེས་ཀྱིས་ཡུལ་སྐོར་འོས་སྦྱོར་ཐོག་མར་བྱས་ནས་ཡུལ་སྐོར་བར་དགུན་དུས་བོད་རིཌ་ས་ཁུལ་གྱི་མཛེས་ལྗོངས་མཐོང་དུ་འཇུག་རྒྱུ་ཡིན་པ།

  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།  2014-12-06 11:01

    ཀྲུང་གོའི་གསར་འགྱུར་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན།ཟླ་12ཚེས་1ཉིན“ཉི་མ་སྲོ་བ་དང་།ཆུ་ཚན་བརྒལ་བ།གངས་འཁྱག་ལ་ལྟ་བ།གནས་རི་སྐོར་བ”བཅས་བརྗོད་དོན་དུ་བྱས་པའི་དཀར་མཛེས་ཀྱི་དགུན་དུས་ཡུལ་སྐོར་འོས་སྦྱོར་འདུ་ཚོགས་དེ་ཁྲེང་ཏུར་འཚོགས་ཤིང་།ད་རེས་ཀྱི་འོས་སྦྱོར་འདུ་ཚོགས་འཚོགས་པའི་དམིགས་ཡུལ་ནི་ས་ཡོམ་བྱུང་ཡང་དཀར་མཛེས་སྔར་བཞིན་ལྟ་ན་སྡུག་པར་གནས་པ་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ་དཀར་མཛེས་ཀྱི་དགུན་དུས་ཡུལ་སྐོར་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཤེས་སུ་འཇུག་རྒྱུ་དེ་ཡིན།

    འོས་སྦྱོར་འདུ་ཚོགས་ཐོག་དཀར་མཛེས་ཀྲོའུ་མི་དམངས་སྲིད་གཞུང་གི་ཀྲོའུ་ཀྲང་གཞོན་པ་དགེ་བསྙེན་གྱིས་དཀར་མཛེས་ཀྱི་ཡུལ་ལྗོངས་དུང་དཀར་ལུང་པ་དང་།དར་མདོའི་མི་བརྒལ་མཚོ།རོང་བྲག་གི་བོད་སྡེ་སོགས་ཀྱི་དགུན་དུས་ཀྱི་སྒོ་འཛིན་དང་།ལྗོངས་གཟིགས་རླངས་འཁོར།ཆུ་ཚན་སོགས་ཀྱི་འབྲེལ་ཡོད་གཟིགས་སྐྱོང་སྲིད་ཇུས་ངོ་སྤྲོད་བྱས་ནས་ས་ཡོམ་བྱུང་ཡང་དཀར་མཛེས་ཀྱི་སྔར་བཞིན་ལྟ་ན་སྡུག་པའི་དགུན་དུས་ཡུལ་སྐོར་གྱི“དྲིན་ཚོར་གཟིགས་སྐྱོང”བྱེད་སྒོ་འགོ་བཙུགས་པ་རེད།

    དཀར་མཛེས་ཀྲོའུ་ཉིད་མཚོ་བོད་ས་མཐོའི་ཤར་དང་འབྲི་ཆུའི་སྟོད་རྒྱུད་དུ་གནས་ཤིང་།དེ་ནི་ས་བབ་སྨི་1000ནས་7556བར་ཟིན་པའི་འཛམ་གླིང་ཐོག་མཐོང་དཀོན་པའི་ས་དབྱིབས་ཆགས་སྟངས་ལས་གྲུབ་པ་དང་སྣོད་བཅུད་མ་ལག་ཀྱང་རྙོག་འཛིང་ཆེ་ཞིང་ཕུན་སུམ་ཚོགས་པས་སའི་གོ་ལའི་ཡུལ་སྐོར་ལས་རིགས་ཀུན་གྱིས་འཛམ་གླིང་ན་གྲགས་ཆེ་བའི་རང་བྱུང་མཛེས་ལྗོངས་ལ་ལྟ་བར་འགྲོ་ཡུལ་དང་བོད་ཀྱི་རིག་གནས་ཀྱི་གསང་བ་འཚོལ་བའི་གནས་ཤིག་ཏུ་ངོས་འཛིན་བྱེད་བཞིན་ཡོད།

    ཟླ་11ཚེས་22ཉིན་དང་ཟླ་11ཚེས་25ཉིན་དཀར་མཛེས་ཀྲོའུ་ཡི་དར་མདོ་རྫོང་ལ་ས་ཡོམ་རིམ་པ་6.3དང་5.8བརྒྱབ་ནའང་ས་གནས་དེ་གའི་ཡུལ་སྐོར་ལ་སྐྱོན་དེ་ཙམ་བྱུང་མེད།ས་ཡོམ་གྱི་ལྟེ་བར་གནས་པའི་དར་མདོ་དང་དེའི་ཉེ་འཁོར་གྱི་རོང་བྲག་དང་།རྟའུ།ལྕགས་ཟམ་ཁ་སོགས་རྫོང་གི་ཡུལ་སྐོར་མཛེས་ལྗོངས་ཁུལ་ལ་ས་ཡོམ་བརྒྱབ་པའི་ཉིན་དང་དེ་རྗེས་ཀྱི་ཉིན་འགའི་ནང་ཡུལ་སྐོར་བ་མང་ཉུང་དེ་རང་དུ་གནས་པ་དང་།ཡུལ་སྐོར་བྱ་ཡུལ་གྱི་སྒྲིག་ལམ་གོ་རིམ་ལྡན་པ།འགྲུལ་བཞུད་འཁོར་རིགས་མངོན་གསལ་གྱིས་འགགས་པ་བྱུང་མེད་པའི་ཁར་ཡུལ་སྐོར་བ་གཅིག་ཀྱང་ས་ཡོམ་དབང་གིས་རྐྱེན་ལམ་དུ་སོང་བ་དང་རྨས་པ་བྱུང་མེད་ཅིང་མཛེས་ལྗོངས་ཁུལ་དང་ཡུལ་སྐོར་སྒྲིག་ཆས་ཁག་གཅིག་ལ་སྐྱོན་ཅུང་ཟད་བྱུང་ནའང་འཕྲལ་དུ་བཟོ་ཐུབ་ཡོད།

    དགེ་བསྙེན་གྱིས་ཡོངས་བསྒྲགས་ཚོགས་འདུའི་ཐོག“ད་ཆའི་དུས་འདིར་ང་ཚོས་སི་ཁྲོན་དཀར་མཛེས་སྔར་བཞིན་མཛེས་སྡུག་ལྡན་པ་དང་།སྔར་བཞིན་ཁོ་ལག་རྒྱས་པ།སྔར་བཞིན་འགྲུལ་བཞུད་བདེ་བའི་བརྡ་འཕྲིན་བསྒྲགས་ནས་དགུན་གྱི་དུས་སུ་ཡུལ་སྐོར་བ་དཀར་མཛེས་ཀྲོའུ་ལ་འོང་རྒྱུ་ནི་གེགས་ཁུལ་ལ་སེམས་ཁུར་དང་དོ་ཁུར་ཆེ་ཤོས་བྱེད་པ་ཞིག་ཡིན”ཞེས་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན།ད་རེས་ཀྱི་དྲིན་ཚོར་བྱེད་སྒོའི་ནང་མི་བརྒལ་མཚོ་དང་།ཕག་མོ་རི།ལྕགས་ཟམ་ཁ།རྒྱལ་མོ་རྔུལ་ཆུའི་རོང་སོགས་མཛེས་ལྗོངས་ཁུལ་གྲགས་ཅན་གྱི་མཛའ་གཞས་དང་།ཆུ་ཚན།ཉི་འོད་དྲོ་བའི་གྲོང་སྡེ།བོད་རིགས་ཀྱི་ཡུལ་སྲོལ་སོགས་ཡུལ་སྐོར་གྱི་ཁྱད་ཆོས་མང་པོ་འདུས་ཡོད་པ་མ་ཟད།འདབ་པའི་ཉི་རྟེན་མཁའ་འགྲུལ་ལམ་ཐིག་ལ་བརྟེན་ནས་ཡུལ་སྐོར་ཐོན་ཟོག་དྲིལ་བསྒྲགས་དང་།རང་གིས་རྐང་འཁོར་བཞོན་ནས་གངས་དཀར་རི་བོ་སྐོར་བ།ཁམས་བྱང་གི་ཁམས་པའི་རིག་གནས་ལ་མྱོང་བ་ཟབ་མོ་སྐྱེ་བའི་ཡུལ་སྐོར་རྣམ་གྲངས་རྒྱ་ཁྱབ་ཏུ་སྤེལ་རྒྱུ་ཡིན་པ་རེད།

    བྱེད་སྒོ་དེ་ནི་2014ལོའི་ཟླ་12ཚེས་1ནས་2015ལོའི་ཟླ་3ཚེས་31ཉིན་བར་རྒྱུན་འཁྱོངས་བྱ་རྒྱུ་ཡིན་པ་རེད།

རྩོམ་སྒྲིག་པ། མགོན་པོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག