མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

དཀར་མཛེས་ཁུལ་བོད་ཀྱི་ཡིག་གཟུགས་འབྲི་རྩལ་སྐོར་གྱི་བགྲོ་གླེང་ཚོགས་འདུ་དར་མདོར་འཚོགས།

  ཡོང་ཁུངས། ཁམས་པའི་དྲ་བ།  2014-09-25 10:30

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་རིག་གནས་ཁང་གིས་བོད་ཀྱི་རིག་གནས་ཉམས་པར་སླར་གསོ་དང་མ་ཉམས་གོང་དུ་སྤེལ་ཕྱིར་གོང་རིམ་གྱི་འབྲེལ་ཡོད་སྡེ་ཁག་ལ་ཡར་ཞུ་ཕུལ་བར་བརྟེན།2013ལོའི་ཟླ་བ9པའི་ཚེས6ཉིན་དཀར་མཛེས་ཁུལ་བོད་ཀྱི་ཡིག་གཟུགས་མཐུན་ཚོགས་དངོས་སུ་བཙུགས་པ་རེད།ད་རེས་བོད་ཀྱི་སྲོལ་རྒྱུན་ཡིག་གཟུགས་འབྲི་རྩལ་རྒྱུན་མཐུན་ངང་འཕེལ་རྒྱས་དང་རྒྱ་བསྐྱེད་བྱེད་ཆེད་ཁུལ་རིག་གནས་ཁང་གིས་སྒྲུབ་འགན་ཁུར་ཏེ་ཟླ9པའི་ཚེས17ཉིན་ནས་ཚེས18ཉིན་གྱི་བར་དཀར་མཛེས་ཁུལ་བོད་ཀྱི་ཡིག་གཟུགས་འབྲི་རྩལ་སྐོར་གྱི་བགྲོ་གླེང་ཚོགས་འདུ་དར་མདོར་འཚོགས་པ་རེད།

ཐེངས་འདིའི་ཚོགས་འདུར་དཀར་མཛེས་ཁུལ་བོད་ཀྱི་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་མི་དང་ཁུལ་ཡོངས་ཀྱི་སློབ་གྲྭ་ཆེ་འབྲིང་དང་ནང་བསྟན་སློབ་གླིང་། དེ་བཞིན་རྫོང་སོ་སོའི་དམངས་ཁྲོད་ཀྱི་བྲིས་པ་སོགས་མི20ལྷག་ཞུགས་ཤིང་། ཉིན་གཉིས་རིང་ལ་བྲིས་མཁན་སོ་སོས་བྲིས་ཀྱི་བཤད་པ་དང་ཤོག་བུའི་བཀོལ་ལུགས། སྨྱུ་གུའི་སྤྱོད་སྟངས། མཐའ་ཤན་རྒྱག་ལུགས། རང་རང་གི་བྲིས་ཀྱི་ཉམས་མྱོང་དང་འབྲེལ་བའི་མྱོང་ཚོར་ལྷུག་བརྗོད་དང་ཕན་ཚུན་བགྲོ་གླེང་སོགས་བྱས་པ་རེད། དེ་བཞིན་སྨྱན་བྱད་ནུས་མང་བཀོལ་ཏེ་བོད་ཀྱི་བྲིས་རྙིང་དང་མཛེས་བྲིས་སོགས་བྲིས་གཟུགས་སྣ་མང་གི་བརྙན་པར་བཏང་ནས་བོད་ཀྱི་ཡིག་གཟུགས་ལ་ཐུན་མིན་གྱི་ཁྱད་ཆོད་ལྡན་ཞིང་། འབྲི་རྩལ་འབུམ་གྱིས་ཕྱུག་པར་བསྟན།

ཚོགས་འདུར་ཞུགས་པའི་བྲིས་པ་དག་གིས་ཁུལ་རིག་གནས་ཁང་གིས་ཉེ་བའི་ལོ་ཤས་རིང་འཚོལ་བསྡུས་དང་གསར་སྒྲིག་བྱས་པའི་གནའ་བོའི་བོད་ཀྱི་ཡིག་རྙིང་གི་བརྩམས་ཆོས་བཤམས་སྟོན་བྱས་པར་ལྟ་སྐོར་བྱས་པ་དང་། བཤམས་སྟོན་ཁང་དུ་བྲིས་པ་སོ་སོས་ད་དུང་རང་རང་གི་ཁྱད་ཆོས་ལྡན་པའི་སོར་རྩེའི་འབྲི་རྩལ་ཡང་ངོམས་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག