མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་དང་ཁེ་ལས་ཀྱིས་རྣམ་གྲངས༡༤ལ་མིང་རྟགས་བཀོད་ཅིང་མ་རྩ་གཏོང་ཚད་སྒོར་དུང་ཕྱུར༤༨.༦༨ཟིན་པ།

རྩོམ་པ་པོ། བཀྲ་འདུལ་གྱིས་བསྒྱུར།  ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ།  2013-11-16 21:21

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ༡༡པའི་ཚེས༡༣ཉིན། “སི་ཁྲོན་གྱི་ཚོང་པའི་བཀྲག་མདངས་ལྡན་པའི་བྱ་གཞག་རྔ་བར་བསྐྱོད་པ”ཞེས་པའི་གྲོས་མོལ་ཚོགས་འདུ་དང་རྣམ་གྲངས་མཐུད་སྦྱོར་གྱི་མིང་རྟགས་འགོད་པའི་མཛད་སྒོ་འབར་ཁམས་སུ་གཟབ་རྒྱས་ངང་སྤེལ་བ་རེད། སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཞིང་ཆེན་ཨུ་ཡོན་ལྷན་ཁང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཚའེ་པའོ་ཧྭ་ཚོགས་འདུར་ཞུགས་ཤིང་གསུང་བཤད་གལ་ཆེན་གནང་ཡོད་པ་རེད། རྔ་བ་ཁུལ་ཨུའི་ཧྲུའུ་ཅི་ལོའུ་ཙའོ་མིན་གྱིས་འགོ་ཚུགས་པའི་གཏམ་སྤེལ་བ་དང་། རྔ་བ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་ཝུའུ་ཙི་ཀང་གིས་རྔ་བ་ཁུལ་གྱི་གནས་ཚུལ་མཚམས་སྦྱོར་གནང་པ་མ་ཟད་རྣམ་གྲངས་རྒྱ་སྐྱེད་མཚམས་སྦྱོར་གནང་པ་རེད།

    སི་ཁྲོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁྲིན་ཧྥང་གིས་གྲོས་མོལ་ཚོགས་འདུར་མདོ་འཛིན་མཛད་ཅིང་། སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིན་པུའུ་ཀྲང་གཞོན་པ་དང་སི་ཁྲོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ཀྲུང་ཅ་ལིན། རྔ་བ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་སྒྲིག་ཨུའི་ཧྲུའུ་ཅི་ཝང་ཁྲིན་ཤན་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

    ཚའེ་པའོ་ཧྭ་ལགས་ཀྱིས་གསུང་བཤད་གནང་སྐབས་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ཚབ་བྱས་ཏེ། རྔ་བ་ཁུལ་དུ“སི་ཁྲོན་གྱི་ཚོང་བའི་བཀྲག་མདངས་ལྡན་པའི་བྱ་གཞག་རྔ་བར་བསྐྱོད་པ”ཞེས་པའི་ཚོགས་འདུར་ཞུགས་པར་དངོས་སུ་ཕེབས་པའི་ཁེ་ལས་པ་སོ་སོ་དང་སྐུ་མགྲོན་རྣམས་ལ་ཐུགས་རྗེ་ཆེ་ཞུས་ཤིང་། རྣམ་གྲངས་ལ་རྒྱལ་ཁའི་ངང་མིང་རྟགས་འགོད་ཐུབ་པར་དགའ་སྟོན་རྟེན་འབྲེལ་ཞུས་པ་རེད། ཁོང་གིས་གསུངས་རྒྱུར། ཀྲུང་དབྱང་དང་ཞིང་ཆེན་ཨུ་ཡོན་ལྷན་ཁག་གིས་སྔོན་ནས་བཟུང་བོད་ཁུལ་གྱི་བྱ་བར་མཐོང་ཆེན་བྱེད་ཅིང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་། བོད་ཁུལ་གྱི་བྱ་བའི་དངོས་ཡོད་གནས་ཚུལ་གཞིར་བཟུང་ནས་དམིགས་ཡུལ་དང་འབད་བརྩོན་བྱེད་པའི་ཁ་ཕྱོགས་གསལ་བོར་བསྟན་པ་རེད། སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཏུང་རྨིན་གྱིས་བོད་ཁུལ་གྱི་བྱ་བའི་ཐད་ནས་འཕེལ་རྒྱས་དང་དམངས་འཚོ། བརྟན་འཇགས་བཅས་དོན་ཆེན་གསུམ་མཉམ་དུ་འཛིན་སྐྱོང་བྱ་དགོས་པར་བསྟན། དེ་བས་བོད་ཁུལ་གྱི་ལས་དོན་ལ་མཐོང་ཆེན་བྱེད་པ་ནི་སྤྱི་ཡོངས་ཀྱི་ལས་ཀར་མཐོང་ཆེན་བྱེད་པ་ཡིན་ཞིང་། བོད་ཁུལ་གྱི་ལས་དོན་ལ་རྒྱབ་སྐྱོར་བྱེད་པ་ནི་སྤྱི་ཡོངས་ཀྱི་ལས་ཀར་རྒྱབ་སྐྱོར་བྱེད་པ་རེད། རྔ་བ་ཁུལ་ནི་སི་ཁྲོན་ཞིང་ཆེན་གྱི་བོད་ཁུལ་ཆེན་པོ་གཉིས་ལས་གཅིག་དང་རྒྱལ་ཡོངས་ཀྱི་ཆའང་རིགས་འདུས་སྡོད་ས་ཁུལ་གཙོ་བོ་ཡིན་ལ། རང་བྱུང་ས་ཁམས་ཁོར་ཡུག་གི་ཆ་རྐྱེན་གྱིས་ཚད་བཀག་ཐེབས་པར་བརྟེན་ནས། རྔ་བ་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ད་དུང་ལྟོས་བཅས་ཀྱིས་རྗེས་ལུས་ཡིན་པ་དང་། སི་ཁྲོན་ཞིང་ཆེན་ཡོངས་དང་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་པའི་དམིགས་འབེན་རླབས་ཆེན་དང་འོས་འགན་ལྗིད་མོའི་མདུན་ནས། རྔ་བ་ཁུལ་གྱིས་སི་ཁྲོན་ཞིང་ཆེན་གྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་མོ་བྱས་ཏེ། སི་ཁྲོན་ཞིང་ཆེན་གྱི་གནས་དང་རིམ་པ་མང་པོ་ནས་འདེགས་སྐྱོར་བྱེད་པ་དང་། “ཅན་གཉིས”མཉམ་སྤེལ། གྲོང་ཁྱེར་དང་གྲོང་རྡལ་མཐུན་སྦྱོར་ཡོང་བ་དང་གསར་གཏོད་ཀྱི་སྒུལ་ཤུགས་བཅས་འཕེལ་རྒྱས་ཀྱི་འཐབ་ཇུས་ཆེན་པོ་གསུམ་གཞིར་བཟུང་ནས། རྒྱུན་ཆད་མེད་པར་ཁྱད་ཆོས་དང་དགེ་མཚན་ལྡན་པའི་ཐོན་ལས་ཆེ་རུ་སྐྱེད་པ་དང་། ནུས་ཤུགས་ཡོད་དགུས་སྐྱེ་ཁམས་ཞིང་ལས་དང་དེང་རབས་རྩྭ་ཐང་གི་འབྲོག་ལས། དེང་རབས་ནགས་ལས་བཅས་འཕེལ་རྒྱས་གཏོང་དགོས་ཤིང་། དོན་དངོས་དང་འཚམ་པའི་སྒོ་ནས་མཆོང་སྐྱོད་རང་བཞིན་གྱི་འཕེལ་རྒྱས་འགྲོ་བའི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། ཧུར་ཐག་གིས་དམངས་ཀྱི་ཡོང་སྒོ་འཕར་བ་དང་འཆམ་མཐུན་འཕེལ་རྒྱས་འགྲོ་བ། ཚན་རིག་དང་མཐུན་པའི་འཕེལ་རྒྱས་འགྲོ་བ་བཅས་ཀྱི་ལམ་དུ་བསྐྱོད་དགོས་པ་རེད།

    ཚའེ་པའོ་ཧྭ་ལགས་ཀྱིས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ་རྔ་བ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་འཕེལ་རྒྱས་ཇེ་མགྱོགས་གཏོང་པའི་མཛུབ་སྟོན་བསམ་བློ་གཞིར་བཟུང་ནས། “འཕེལ་རྒྱས་གལ་ཆེན་དང་བརྟན་འཇགས་གཙོ་བོ། དམངས་འཚོ་མ་གཞི། མཐུན་སྒྲིལ་རྩ་བ། ཏང་འཛུགས་སྐྲུན་རྨང་གཞི”ཡིན་པའི་སྤྱིའི་བྱ་བའི་བླང་བྱ་བཏོན་ལ། གཏིང་ཟབ་པའི་སྒོ་ནས“གཞི་རྩ་གཅིག་དང་གཤོག་པ་གཉིས”ཀྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་བའི་འཐབ་ཇུས་ཀྱི་རྨང་གཞིའི་སྟེང་། གོམ་གང་མདུན་སྤོས་ཀྱིས“གཞི་རྩ་ཇེ་བཟང་དང་གཤོག་པ་ཇེ་རྒྱས”སུ་གཏོང་བར་སྐུལ་འདེད་བཏང་ལ། འཕེལ་རྒྱས་དེ་གནད་དོན་ཐམས་ཅད་ཐག་གཅོད་པའི་གནད་འགག་ཏུ་འཇོག་པ་རྒྱུན་འཁྱོངས་བྱས་ཏེ། རྔ་བ་ཁུལ་ཡོངས་ཀྱི་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བ་དང་དམངས་འཚོའི་ལས་དོན་ཇེ་ལེགས་ཕྱིན་པ། སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ཡོང་བར་བྱས་པ་རེད། ཁོང་གིས་གསུངས་རྒྱུར། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་གིས་མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་གཙིག་མཐོང་དང་ཐུགས་ཁུར་ཆེན་པོ་བྱས་པ་དང་། རོགས་སྐྱོར་གྱི་སྲིད་ཇུས་རབ་དང་རིམ་པ་གནང་པ་ལས་གྲུབ་འབྲས་མངོན་གསལ་ལོན་ཡོད་ཟེར། ཐེངས་འདིར“སི་ཁྲོན་གྱི་ཚོང་བའི་བཀྲག་མདངས་ལྡན་པའི་བྱ་གཞག་རྔ་བར་བསྐྱོད་པ”ཞེས་པའི་བྱེད་སྒོས་སི་ཁྲོན་ཞིང་ཆེན་ནང་ཁུལ་གྱི་དམངས་གཉེར་ཁེ་ལས་པ་གྲགས་ཅན་བཅུ་རྔ་བར་རྟོག་ཞིབ་བྱེད་དུ་ཡོང་བར་རྩ་འཛུགས་བྱས་པ་ནི། ཀྲུང་དབྱང་དང་ཞིང་ཆན་ཨུ་ཡོན་ལྷན་ཁང་གི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱེད་ཐབས་བྱེ་བྲག་པ་ཡིན་ལ། ཁོ་ཚོ་ནི་སི་ཁྲོན་ཞིང་ཆེན་གྱི་ཕུལ་དུ་བྱུང་བའི་དམངས་གཉེར་ཁེ་ལས་པའི་སྐུ་ཚབ་ཡིན་པ་མ་ཟད། ལོ་རྒྱུས་ཀྱི་དུས་སྐབས་གསར་བར་རྔ་བ་ཁུལ་དུ་རྟོག་ཞིབ་ལ་ཕེབས་ཤིང་། རྔ་བ་ཁུལ་ལ་མ་རྩ་གཏོང་བའི་མདུན་སྐྱོད་པ་ཡིན་པ་དང་། ཏང་ཀྲུང་དབྱང་དང་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་བོད་ཁུལ་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་པ་མཚོན་ཡོད་ཅིང་། རྒྱ་ཆེའི་དམངས་གཉེར་ཁེ་ལས་པ་རྣམས་རྔ་བ་ཁུལ་དུ་ཕེབས་པ་དང་རྔ་བ་ཁུལ་ལ་རྒྱུས་ལོན་བྱེད་པ། རྔ་བ་ཁུལ་ལ་ཐུགས་ཁུར་བྱས་ཏེ་རྣམ་གྲངས་རྟོག་ཞིབ་དང་མ་རྩ་གཏོང་བའི་བྱེད་སྒོ་བྱེ་བྲག་པ་སྤེལ་ཞིང་། རྔ་བ་ཁུལ་གྱི་མི་དམངས་དང་གོམ་གང་མདུན་སྤོས་སྒོས་འབྲེལ་འདྲེས་བྱས་པ་བརྒྱུད་ནས་བཅོས་བསྒྱུར་སྒོ་འབྱེད་བྱས་པ་ལས་བྱུང་བའི་འགྱུར་ལྡོག་རླབས་ཆེན་ཉམས་སུ་མྱོང་བའི་རེ་སྨོན་བསྟན་ལ། རྔ་བ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་དབུ་ཁྲིད་བརྟན་པོའི་འོག་དང་། ཚོགས་འདུར་ཞུགས་པའི་ཁེ་ལས་པ་རྣམས་དང་མཉམ་དུ་འབད་བརྩོན་བྱས་པར་བརྟེན་ནས། རྔ་བ་ཁུལ་གྱི་དཔལ་འབྱོར་ལ་མཆོང་སྐྱོད་རང་བཞིན་གྱི་འཕེལ་རྒྱས་འབྱུང་ཞིང་མི་དམངས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོར་འདེགས་ཡོང་བར་ཡིད་ཆེས་བརྟན་པོ་ཡོད་པར་བསྟན་པ་རེད།

    ལུའོ་ཙའོ་མིན་གྱིས་གཏམ་བཤད་གནང་སྐབས་རྔ་བ་ཁུལ་ཨུ་དང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན། ཁུལ་སྲིད་གཞུང་དང་ཁུལ་ཡོངས་ཀྱི་བོད་དང་ཆའང་རིགས་ལས་བྱེད་མང་ཚོགས་ཁྲི༩༡གི་ཚབ་བྱས་ཏེ། རྔ་བ་ཁུལ་དུ་རྟོག་ཞིབ་ལ་སླེབས་པའི་དབུ་ཁྲིད་དང་ཁེ་ལས་པ་རྣམས་ལ་སྤྲོ་སེམས་ཁོལ་བའི་ངང་དགའ་བསུ་བྱས་ཤིང་། ལོ་མང་པོའི་རིང་རྔ་བ་ཁུལ་གྱི་འཕེལ་རྒྱས་དང་དམངས་འཚོ། བརྟན་འཇགས་བཅས་ཀྱི་བྱ་བར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བའི་སི་ཁྲོན་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། སི་ཁྲོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། སི་ཁྲོན་ཞིང་ཆེན་བཀྲག་མདངས་ལྡན་པའི་བྱ་གཞག་ཡར་སྐུལ་ཚོགས་པ་དང་སི་ཁྲོན་ཞིང་ཆེན་གྱི་དམངས་གཉེར་ཁེ་ལས་གྲགས་ཅན་བཅས་ལ་ཐུགས་རྗེ་ཆེ་ཞུས་ལ། ཁོང་གིས་གསུངས་རྒྱུར། དུས་ཡུན་རིང་པོར་སི་ཁྲོན་གྱི་ཚོང་བའི་བཀྲག་མདངས་ལྡན་པའི་བྱ་གཞག་གིས“འགན་དང་ཁེ་ཕན་གཉིས་དང་ལྡན་ཞིང་འགན་གྱིས་སྔ་མ་བྱེད་པའི”བསམ་བློ་ལྟེ་སྙིང་དུ་བཟུང་ནས། ཁེ་ལས་འཕེལ་རྒྱས་ཇེ་ཆེར་གཏོང་བའི་དུས་མཚུངས་སུ་སེམས་པ་མི་རིགས་ས་ཁུལ་གྱི་མང་ཚོགས་ཀྱི་དཀའ་ཁག་ལ་འཁྱུད་ཅིང་། རྔ་བ་ཁུལ་དུ་ཡོང་ནས་མ་རྩ་བཏང་སྟེ་ལས་རིགས་དར་སྤེལ་གཏོང་བ་དང་སློབ་གསོ་འཕེལ་རྒྱས་གཏོང་པ། མི་སྣ་འཇོན་ཐང་ཅན་ལ་སྦྱོང་བརྡར་བྱེད་པ་སོགས་བྱས་ཏེ། རྔ་བ་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་སྐུལ་འདེད་གཏོང་བ་དང་། ལྷག་པར་དུ་དབུལ་སྐྱོར་གསར་སྤེལ་གྱི་ལས་དོན་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བ་དང་། མི་དམངས་མང་ཚོགས་ཕྱུག་པོར་འགྱུར་བའི་གོམ་སྟབས་ཇེ་མགྱོགས་སུ་འགྲོ་བར་བྱས་རྗེས་བཟང་བོ་བཞག་པ་རེད།

    ལོའུ་ཙའོ་མིན་ལགས་ཀྱིས་བསྟན་དོན། མིག་སྔར་རྔ་བ་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སི་ཁྲོན་ནུབ་བྱང་གི་སྐྱེ་ཁམས་དཔལ་འབྱོར་དཔེ་སྟོན་ཁུལ་མགྱོགས་པོར་འཛུགས་པའི་དམིགས་འབེན་གཞིར་བཟུང་ནས། ནུས་ཤུགས་ཡོད་དགུས་སྐྱེ་ཁམས་ཞིང་ལས་དང་དེང་རབས་རྩྭ་ཐང་གི་འབྲོག་ལས། དེང་རབས་ནགས་ལས། གསར་དར་བཟོ་ལས་དང་ནུས་ཁུངས་གསར་སྤེལ། ཁྱབ་ཁོངས་ཡོངས་ཀྱི་ཡུལ་སྐོར་སོགས་ཁྱད་ཆོས་དང་དགེ་མཚན་ལྡན་པའི་ཐོན་ལས་འཕེལ་རྒྱས་བཏང་པ་དང་། ཁྱོན་ཡོངས་ནས་མཐོན་པའི་རི་ཕྱེད་ཁུལ་དང་མཐོ་སྒང་གི་འབྲོག་ཁུལ། ཚིགས་ནད་ཡོད་པའི་ས་ཁུལ། ས་འགུལ་གནོད་ཐེབས་ས་ཁུལ་ཏེ“ས་ཁུལ་ཆེན་པོ་བཞི”ལ་རོགས་སྐྱོར་བྱེད་པར་ཤུགས་བསྣན་ནས། སི་ཁྲོན་ཞིང་ཆེན་ནང་ཁུལ་གྱི་མིང་གྲགས་ལྡན་པའི་དམངས་གཉེར་ཁེ་ལས་ལ་རྔ་བ་ཁུལ་ནས་འཕེལ་རྒྱས་འགྲོ་བར་གོ་སྐབས་དང་གར་སྟེགས་སྔར་ལས་ཆེན་པོ་བསྐྲུན་ཡོད་ལ། རྒྱ་ཆེའི་དམངས་གཉེར་ཁེ་ལས་ཚོས་རྔ་བ་ཁུལ་གྱི་མཆོང་སྐྱོད་རང་བཞིན་གྱི་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ། ཁེ་ལས་ཀྱི་མ་རྩ་དང་ལག་རྩལ། ཚོང་ར། ཐོན་རྫས་རྟགས་མའི་དགེ་མཚན་དང་རྔ་བ་ཁུལ་གྱི་ཐོན་ཁུངས་དང་སྲིད་ཇུས། སྐྱེ་ཁམས་ཀྱི་དགེ་མཚན་ཟུང་དུ་འབྲེལ་ནས། མགྱོགས་མྱུར་སྒོས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་དངོས་ཡོད་གྲུབ་འབྲས་སུ་འགྱུར་ཆེད། ང་ཚོས་ཁྲལ་བསྡུ་དང་ས་ཞིང་། གློག་གི་བཀོལ་སྤྱོད་སོགས་ཀྱི་ཐད་ནས་རོགས་སྐྱོར་ཆེན་པོ་བྱས་ཤིང་། ཧུར་ཐག་གིས་ཁེ་ལས་དང་ས་གནས་མཉམ་ལས་ཀྱི་སྟེགས་བུ་བསྐྲུན་པ་དང་། རྣམ་གྲངས་མཐུད་སྦྱོར་དང་ཞབས་ཞུའི་བྱ་བ་རིགས་སོ་སོ་ལེགས་པར་བསྒྲུབས་ལ། ཧུར་ཐག་སྒོས་ཁེ་ལས་པ་སོ་སོས་རྔ་བ་ཁུལ་ནས་མ་རྩ་བཏང་སྟེ་འཕེལ་རྒྱས་འགྲོ་བར་ཆ་རྐྱེན་ལེགས་པོ་བསྐྲུན་ཡོད་ཅིང་། གོམ་གང་མདུན་སྤོས་སྒོས་ཕྱོགས་གཉིས་ལ་ཕན་པར་བྱས་ཡོད་པ་རེད།

    ཚོགས་ཐོག་ནས་གཞན་ད་དུང་དབུལ་སྐྱོར་རྣམ་གྲངས་ལ་རོགས་སྐྱོར་བྱེད་པའི་མཛད་སྒོ་སྤེལ་ཞིང་། སི་ཁྲོན་ཞིང་ཆེན་བཀྲག་མདངས་ལྡན་པའི་བྱ་གཞག་ཡར་སྐུལ་ཚོགས་པ་དང་། ཁྱབ་ཁོངས་ཀྱི་ཁང་སའི་ཚོགས་པ། སི་ཁྲོན་དམངས་ཕན་མ་རྩ་གཏོང་འཇོག་ཚོགས་པ་ཚད་ཡོད་ཀུང་སི་བཅས་སོ་སོས་ཁྲོ་ཆུ་རྫོང་དང་འབར་ཁམས་རྫོང་། མཛོད་དགེ་རྫོང་བཅས་ལ་མི་དམངས་ཤོག་སྒོར་ཁྲི༥༠དང་ཁྲི༢༠༠དང་། ཁྲི༥༠བཅས་སྟེར་བ་རེད།

    རྣམ་གྲངས་སུ་མིང་རྟགས་འགོད་པའི་མཛད་སྒོའི་སྟེང་ནས། རྔ་བ་ཁུལ་དང་སི་ཁྲོན་གྱི་ནའོ་ཐའོ་ཕུའུ་སྐྱེ་ཁམས་སྨན་རྩྭ་ཚད་ཡོད་ཀུང་སི་དང་། ཤང་ཀང་ཁི་ཨེར་མཱ(རྒྱལ་སྤྱི)ཚད་ཡོད་ཀུང་སོགས་མིང་གྲགས་ལྡན་པའི་ཁེ་ལས་རྣམས་ཀྱིས་མ་རྩ་གཏོང་བའི་རྣམ་གྲངས༡༤ལ་མིང་རྟགས་བཀོད་ཅིང་། བསྡོམས་པས་མ་རྩ་གཏོང་ཚད་སྒོར་དུང་ཕྱུར༤༨.༦༨ཟིན་ཡོད་པ་རེད།

    རྔ་བ་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཧའོ་ཧྲི་ཁྲང་དང་། རྔ་བ་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཅང་ཀང་། རྔ་བ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡན། ཁུལ་རིམ་པའི་འབྲེལ་ཡོད་ལས་ཁུངས་དང་མིང་རྟགས་འགོད་པའི་རྣམ་གྲངས་ཀྱི་ལས་ཁུངས་ཁག་གི་འགན་ཁུར་མི་སྣ་གཙོ་བོ་བཅས་གྲོས་མོལ་ཚོགས་འདུ་དང་མིང་རྟགས་འགོད་པའི་མཛད་སྒོར་ཞུགས་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག