མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

མི་ཉག་རྫོགས་ཆེན་སློབ་གྲྭའི་ཟླ་འཁོར་ཚགས་པར་པར་དུ་བསྐྲུན།

  ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན།  2013-11-13 10:50

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཤར་མི་ཉག་ཅེས་པ་ནི་གནའ་ནས་ད་བར་དུ་ལོ་རྒྱུས་ཀྱི་རྩིག་སྡེབས་ངོས་སུ་ནམ་ཡང་ཡལ་ཐབས་མེད་པའི་བོད་ཀྱི་ཡུལ་ཁམས་ཆེ་ཤོས་ཤིག་ཡིན་ལ། དེ་ལས་བྱུང་བའི་མཁས་འཇོན་ནུས་གསུམ་གྱི་སྐྱེས་ཆེན་དུ་མས་མེས་རྒྱལ་དང་མི་རིགས་ཀྱི་ཆོས་སྲིད་གཉིས་ཀྱི་ཆ་ལ་མཛད་འཕྲིན་གྱི་ཞབས་རྗེས་ཕབ་དང་འབེབ་བཞིན་པ་ནི་མིག་མཐོང་ལག་ལ་ཟིན་པ་དག་ལགས་ཤིང་།ད་ཐེངས་ཀྱང་མི་ཉག་རྫོགས་ཆེན་སློབ་གྲྭ་ཞེས་མཆོག་སྤྲུལ་ཆོས་ཀྱི་རྡོ་རྗེ་ལགས་ཀྱི་ཐུགས་སྨོན་གྱི་མཐུ་ལས་འཁྲུངས་བའི་སློབ་གླིང་དེས་མི་ཉག་པའི་མི་རབས་གསར་བའི་རུ་དཔུང་ཞིག་གི་སྣེ་དྲངས་ནས༼ལམ༽ཞེས་པའི་རྩོམ་རིག་གི་ཟླ་འཁོར་ཚགས་པར་ཐོག་མ་དེ་པར་དུ་བསྐྲུན་དེ་དྲི་མས་མ་གོས་པའི་བྱིས་བློའི་དྭངས་གཙང་གི་སེམས་ཁམས་ངོ་མ་མི་ཡུལ་འདིར་ཁྲིད་ནས་མི་རབས་ཤིག་གི་རུ་དཔུང་དེའི་རྩོམ་རིག་གི་རལ་གྲི་ལ་བརྩོན་སེམས་ཀྱི་ངར་ཆུ་ཐེངས་ཤིག་བླུགས་བྱུང་བས་ཅི་འདྲའི་བསྔགས་འོས་པའི་གནས་སུ་མཆིས་ཨང་།

སྤྱིར་རྩོམ་རིག་གསར་རྩོམ་ཐད་ཀྱི་རྩོམ་པ་པོ་ཞིག་སྐྱེད་སྲིད་བྱེད་དགོས་ན་གང་དེའི་བརྩམས་ཆོས་ཀྱི་གར་སྟབས་ལ་ཁོད་ཡངས་བའི་སྟེགས་བུ་ཞིག་གི་རམ་འདེགས་དགོས་པ་ནི་སྨོས་མེད་ཡིན་པས།མི་ཉག་རྫོགས་ཆེན་སློབ་གྲྭས་ཀྱང་རྩོམ་རིག་གསར་བའི་ལས་ལ་འཇུག་འདོད་ཀྱི་སྐལ་ལྡན་སློབ་བུ་དག་གིས་མ་འོངས་རྩོམ་རིག་གི་ཞིང་ས་ནས་ཕུན་སུམ་ཚོགས་པའི་དོན་ལྡན་གྱི་འབྲས་བུ་རེ་སྨིན་པར་རེ་བས་འཆང་ནས་ལམ་ཞེས་པའི་ཟླ་འཁོར་ཚགས་པར་འདི་གསར་དུ་བཏོད་དེ་པར་དུ་བསྐྲུན་པ་རེད་འདུག དེས་ན༼ལམ༽དེ་ནས་རྩོམ་རིག་གིས་ས་ཟིན་ཞིང་།ལམ་དེ་ནས་རྩོམ་རིག་གིས་རྐང་ཚུགས་ཏེ་མ་འོངས་འཛམ་གླིང་རྩོམ་རིག་སྟེགས་བུ་རུ་བོད་མི་ཉག་པའི་རྩོམ་པ་པོ་གང་མང་འབྱུང་བའི་རེ་བ་དང་སྨོན་པས་ཀུན་ནས་བལྟམས་ཡོད་ལགས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག