མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

དཀར་མཛེས་རྫོང་གི་དཀའ་ངལ་ཡོད་པའི་དུད་ཚང160སྡོད་ཁང་གསར་པའི་ནང་སྤོས།

རྩོམ་པ་པོ། དབྱངས་ཅན་གྱིས་བསྒྱུར།  ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན།  2013-10-28 10:00

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་གི་དཀའ་ངལ་ཡོད་པའི་མང་ཚོགས་ཧོ་ཧའེ་ཅུན་ལ་བཤད་ན། ད་ལོའི་དཔྱིད་གསར་དུས་ཆེན་སྐབས་རང་ལ་དབང་བའི་སྡོད་ཁང་ཞིག་ཡོད་ཐུབ་རྒྱུ་ནི་རྨི་ལམ་ཙམ་ཞིག་མ་ཡིན། སྤྱི་ཟླ་9པའི་ཚེས26ཉིན་ཁོ་དང་གཞན་པའི་ཡོང་འབབ་དམའ་བའི་དུད་ཚང159དགའ་དགའ་སྤྲོ་སྤྲོའི་ངང་ཡུན་རིང་རེ་སྒུག་བྱས་པའི་སྡོད་ཁང་གསར་པའི་ལྡེ་མིག་ལག་ལ་འབྱོར་བ་རེད།

སྲིད་གཞུང་གིས་བསྐྲུན་པའི་གླ་ཆུང་སྡོད་ཁང་དེ་འགྲོ་གྲོན་ཆུང་ལ་ཕན་པ་ཆེ་བ་རེད། ང་ཚོའི་སྡོད་ཁང་གི་གནད་དོན་ཐག་གཅོད་བྱས་ནས་དཀའ་ངལ་ཡོད་པའི་མང་ཚོགས་ལ་བསྒྲུབས་པའི་དོན་བཟང་ཆེན་པོ་ཞིག་རེད། ད་ནས་བཟུང་ག་ས་གར་སྡོད་ཁང་གླ་སར་འགྲོ་མི་དགོས། སྔོན་མར་ཁང་གླ་ཆེ་བ་དང་ད་ལྟར་གླ་ཆུང་སྡོད་ཁང་གི་ཁང་གླ་ཧ་ཅང་ཉུང་ཉུང་རེད། ངའི་ཡོང་སྒོ་ཉུང་ནས་རང་ལ་སྡོད་ཁང་མེད་སྟབས་གནས་སྤོ་ཐེངས་མ་ག་ཚད་བྱས་པ་གསལ་པོ་དྲན་ཐུབ་ཀྱི་མི་འདུག ཁྱིམ་ཆས་འགའ་ཡང་གནས་སྤོ་བྱེད་གྲངས་མང་ཆེ་ནས་ཆག་སྐྱོན་ཤོར་འདུག ད་ལྟའི་གླ་ཆུང་སྡོད་ཁང་འདི་སྤྱོད་གོ་ཆོད་ལ་མཛེས་མོའང་ཡོད་འདུག་ཅེས་ཧོ་ཧའེ་ཅུན་གྱིས་སྨྱུག་འཛིན་པ་ལ་བཤད་ཞོར་དུ་སྡོད་ཁང་གསར་པ་ལྟ་སར་ཁྲིད། ཁོའི་ཁྱིམ་མིས་བྲེལ་འཚུབ་ངང་ཅ་ལག་བསྡུ་གསོག་རྒྱག་བཞིན་ཡོད། ཁང་པ་འདི་དེ་འདྲ་སྐྱིད་པོ་ཞིག་ཡོད་འདུག རྒྱལ་ཁབ་ཀྱིས་འགྲོ་སོང་ཆེན་པོ་དེ་འདྲ་བརྒྱབ་ནས་ང་ཚོ་དཀའ་ངལ་ཡོད་པའི་དུད་ཚང་ལ་ཁང་པ་བསྐྲུན་རོགས་བྱས། ང་ཚོ་ངོ་མ་སྤྲོ་མོ་དགའ་འདུག་སྲིད་གཞུང་ངོ་མ་བཀའ་དྲིན་ཆེན་པོ་རེད་ཅེས་བཤད།

ད་ལོར་ལོ་ན43ཡིན་པའི་ཕུའུ་སུའུ་ཞང་ནི་རྫོང་དེའི་ལས་རྐང་ནས་བྲལ་བའི་ལས་བཟོ་ཡིན། ཁྱིམ་མི་བཞི་པོ་ཡུན་རིང་ཕྱི་ཕྱོགས་སྡོད་ཁང་གླ་ནས་སྡོད་ས་ཐེངས་མང་སྤོ་དགོས་བྱུང་བ་རེད། བཟའ་མི་གཉིས་དུས་རྒྱུན་ཉིན་གླ་བརྒྱབ་ནས་འཚོ་བ་རོལ་དགོས་པ་དང་། ཕྲུ་གུ་གཉིས་སློབ་གྲྭར་འགྲོ་བཞིན་ཡོད་པས་འཚོ་བར་དཀའ་ངལ་ཆེན་པོ་ཡོད་འདུག མོས་སྲིད་གཞུང་གིས་བགོས་པའི་གླ་ཆུང་སྡོད་ཁང་ལ་ཧ་ཅང་བློ་ཁར་བབས་ནས་ལག་ཏུ་ལྡེ་མིག་འབྱོར་མ་ཐག་ཅ་ལག་བསྡུ་གསོག་བརྒྱབ་ཏེ་སྡོད་ཁང་གསར་པའི་ནང་སྤོ་རྒྱུའི་གྲ་སྒྲིག་བྱས། ཕུའུ་སུའུ་ཞང་གིས་སྨྱུག་འཛིན་པ་ལ་སྔོན་མར་ཁང་པ་གླ་ནས་སྡོད་ས་ཡང་ཡང་སྤོ་དགོས་བྱུང་། ད་ལྟར་གླ་ཆུང་སྡོད་ཁང་ནང་སྤོས་ནས་བློ་བདེ་སེམས་བདེ་བྱས་ནས་སྡོད་ཆོག་ཅེས་བཤད།

ན་ལོ་ནས་བཟུང་དཀར་མཛེས་རྫོང་གིས་མ་དངུལ་སྒོར་ཁྲི2018.2བཏང་ནས་དུས་རིམ་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཀྱི་གླ་ཆུང་སྡོད་ཁང་ཁྱོན་བསྡོམས160བསྐྲུན་པ་དང་། འཛུགས་སྐྲུན་གྲུབ་པའི་གླ་ཆུང་སྡོད་ཁང་ལ་སྨི་གྲུ་བཞི་མ་38དང་། 48 ། 51སོགས་སྡོད་ཁང་བཟོ་དབྱིབས་སྣ་ཁ་9གདམ་ག་རྒྱག་རྒྱུ་ཡོད། སྡོད་མཁན་ཚང་མར་སྡོད་ཆོག་པའི་ཆ་རྐྱེན་ནན་པོར་གཞིགས་ནས་སྡོད་མཁན་འདེམས་པ་ཡིན་པ་དང་། སྤྱི་བསྒྲགས་བྱས་རྗེས་སྡོད་ཁང་མེད་ལ་དཀའ་ངལ་ཡོད་པའི་དུད་ཚང་གཏན་འཁེལ་བྱས་ནས། གླ་ཆུང་སྡོད་ཁང་གི་ཟླ་བ་རེའི་ཁང་གླ་སྨི་རེར་སྒོར་རེའི་དམིགས་ཚད་ཡིན་པ་རེད།

གླ་ཆུང་སྡོད་ཁང་ལུགས་མཐུན་ངང་བགོ་སྤྲོད་བྱ་རྒྱུར་ཁག་ཐེག་བྱེད་ཆེད། རྫོང་དེས་རིམ་པ་གསུམ་གྱི་ཐོག་ནས་ཞིབ་བཤེར་གཏན་འབེབས་དང་སྤྱི་བསྒྲགས་བྱས་པའི་ལམ་ལུགས་ནན་པོར་གཞིགས་པ་དང་། སྤྱི་བསྒྲགས་བྱས་པའི་རེ་བ་ཞུ་མཁན་མི་སྣ160ལ་རྫོང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ལྟ་ཞིབ་ཅུས་ཀྱིས་ལྟ་སྐུལ་བྱས་འོག རྒྱན་འཕེན་པའི་བྱེད་སྟངས་སྤྱད་ནས་སྡོད་ཁང་གི་ཨང་རྟགས་སྤྲད་པར་མ་ཟད། གླ་ཆུང་སྡོད་ཁང་གླ་མཁན་ལ་ཡིག་ཚགས་བཟོས་ནས་གཞི་གྲངས་གསལ་པོ་དང་ཡང་དག་བྱས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག