མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

དར་མདོ་རྫོང་ནང་བསྟན་མཐུན་ཚོགས་སྐབས་བདུན་པའི་འཐུས་མི་ཚོགས་ཆེན་དར་མདོ་ལ་འཚོགས།

རྩོམ་པ་པོ། བཀྲ་ཤིས་ཀྱིས།  ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན།  2013-09-25 11:19

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དར་མདོ་རྫོང་ནང་བསྟན་མཐུན་ཚོགས་སྐབས་བདུན་པའི་འཐུས་མི་ཚོགས་ཆེན་ཟླ་བ9པའི་ཚེས24ཉིན་ལ་དར་མདོ་རྫོང་གྲོང་གསར་ལ་འཚོགས་པ་རེད།དགོན་པ་སོ་སོའི་སྤྲུལ་སྐུ་དང་བླ་མ།མཁན་པོ་དང་དགོན་དཔོན་རྣམས་གཙོ་བོར་བྱས་པའི་གྲྭ་བཙུན་ལྷན་རྒྱས་དང་རང་སྐྱོང་ཁུལ་དང་རྫོང་གི་དབུ་ཁྲིད་རྣམ་པ་མཉམ་དུ་འཛོམས་ནས་ཚོགས་ཆེན་དེ་གཟབ་རྒྱས་ངང་འགོ་ཚུགས་པ་རེད།ཐེངས་འདིའི་འཐུས་མི་ཚོགས་ཆེན་ནང་འཐུས་མི73ཡོད།དེའི་ནང་གྲྭ་པ69དང་ཇོ་མོ3ཡོད་ལ་དགེ་ལུགས་ཀྱི་འཐུས་མི14དང་།རྙིང་མའི་འཐུས་མི30།ས་སྐྱའི་འཐུས་མི22།བཀའ་བརྒྱུད་ཀྱི་འཐུས་མི3།བོན་པོའི་འཐུས་མི་3བཅས་འདུས་ཡོད།ཚོགས་འདུའི་ཐོག་ལ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ།ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་མཆོག་སྤྲུལ་རྡོ་རྗེ་བཀྲ་ཤིས་ཀྱིས་ཚོགས་ཆེན་འགོ་ཚུགས་པའི་གསུང་བཤད་གནང་བ་རེད།ཁོང་གིས་ཐེངས་འདིའི་གྲོས་ཚོགས་འཚོག་རྒྱུ་ལ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་མཐོང་ཆེན་ཚད་མེད་བྱས་པ་དང་ནང་བསྟན་མཐུན་ཚོགས་ལས་ཁུངས་ཀྱིས་གྲ་སྒྲིག་ལས་དོན་འབོར་ཆེན་བསྒྲུབས་ཡོད།འབྲེལ་ཡོད་སྡེ་ཁག་སོ་སོས་རྒྱབ་སྐྱོར་མཛད་པ་ལ་བཀའ་དྲིན་ཆེ་ཞུ་བ་ཡིན།ང་ཚོས་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གི་དབུ་ཁྲིད་འོག་མི་རིགས་ཁག་གི་དད་ལྡན་མང་ཚོགས་མཐུན་སྒྲིལ་བྱས་ཏེ་རྒྱལ་གཅེས་ཆོས་གཅེས་དང་མཐུན་སྒྲིལ་ཡར་ཐོན་ཡོང་བར་འབད་དགོས་པ་དང་།ཧུར་ཐག་གིས་ནང་པའི་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཅིག་མཐུན་ཡོང་བར་ཁྲིད་སྟོན་བྱེད་དགོས།རྒྱལ་གཅེས་ཁྲིམས་སྲུང་དང་སྡོམ་སྲུང་དམངས་ཕན་གྱིས་རང་རྫོང་མཆོངས་བརྒལ་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ལ་ཕན་ནུས་འདོན་སྤེལ་བྱེད་དགོས་ཞེས་གསུངས། རྫོང་སྲིད་གྲོས་རྒྱུན་ཨུ་རྒྱུན་ཞུགས་ཨུ་ཡོན།རྫོང་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སྐུ་ཞབས་པད་མ་ཆོས་འཕེལ་གྱིས་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་ཅིང་།བསམ་པའི་གོ་རྟོགས་མཐོར་འདེགས་བྱས་པ།རྒྱལ་གཅེས་ཆོས་གཅེས་རྒྱུན་འཁྱོངས་དང་བདེ་འཇགས་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ།ལས་འགན་ངེས་གསལ་བྱས་ནས་ཆོས་དོན་ལས་ཀར་དམ་འཛིན་བྱེད་པ།ཆོས་ལུགས་བྱེད་སྒོ་ཁྲིད་སྟོན་བྱེད་རྒྱུ་ལ་འབད་བརྩོན་བྱེད་པ།སྤྲུལ་སྐུའི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་འབད་བརྩོན་བྱེད་པ།དགོན་པའི་སྤྱི་ཚོགས་ཅན་གྱི་དོ་དམ་ལ་འབད་བརྩོན་བྱེད་པ།རྩ་བའི་ལས་འགན་རྟོགས་པ་ནི་རྨང་གཞི་ཡིན་པ།ཡང་དག་པའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་རྒྱུ་ནི་གཞི་འཛིན་ས་ཡིན་པ།ཏང་གི་དབུ་ཁྲིད་རྒྱུན་འཁྱོངས་བྱེད་རྒྱུ་ནི་འགན་རྩ་ཡིན་པ་སོགས་ཕྱོགས་མང་པོའི་ཐད་ནས་དར་མདོ་རྫོང་ནང་བསྟན་མཐུན་ཚོགས་སྐབས་དྲུག་པའི་ལས་འཛིན་ལྷན་ཚོགས་ཀྱི་ལས་དོན་སྙན་ཞུ་ཕུལ་བ་རེད། རྫོང་སྲིད་གྲོས་རྒྱུན་ཨུ་རྒྱུན་ཞུགས་ཨུ་ཡོན།རྫོང་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སྤྲུལ་སྐུ་འབྲུག་གྲགས་རྒྱ་མཚོ་ཡིས་དར་མདོ་རྫོང་ནང་བསྟན་མཐུན་ཚོགས་ཀྱིས༼དར་མདོ་རྫོང་ནང་བསྟན་མཐུན་ཚོགས་ཀྱི་སྒྲིག་ཡིག༽དག་བཅོས་བྱེད་པའི་སྐོར་གྱི་སྙན་ཞུ་ཕུལ་བ་རེད། རྫོང་ཨུའི་རྒྱུན་ཨུ་འཐབ་ཕྱོགས་གཅིག་གྱུར་པུའུ་ཀྲང་ཝང་ཧྲིའུ་ཧོར་གྱིས་གྲྭ་བཙུན་རྣམས་ལ་ཆབ་སྲིད་ཀྱི་འདུ་ཤེས་དང་ཁྲིམས་ལུགས་ཀྱི་འདུ་ཤེས།འགན་་ཁུར་གྱི་འདུ་ཤེས་དགོས་པའི་ཐོག་ནས་གསུང་བཤད་གནང་བ་རེད། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ།ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་རྒྱལ་བསྟན་བློ་བཟང་བྱམས་པ་ཡིས་གྲྭ་བཙུན་རྣམས་ཀྱིས་ཁ་ཕྱོགས་གཅིག་མཐུན་གྱིས་སྤྱི་ཚོགས་ཀྱི་འཛུགས་སྐྲུན་ལ་འབད་པ་བྱེད་དགོས་པ་དང་།མང་ཚོགས་རྣམས་ལ་སློབ་གསོ་ཡག་པོ་གཏང་དགོས་པ།སེམས་ཅན་གཅིག་ལའང་གནོད་འཚེ་མི་བྱེད་པ་རྩ་བར་འཛིན་དགོས་པ།ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ལ་ནན་ཏན་གྱིས་སློབ་སྦྱོང་བྱེད་དགོས་པ་བཅས་ཀྱི་ཐོག་ནས་གསུང་བཤད་གནང་བ་རེད། ཁུལ་ཨུའི་རྒྱུན་ཨུ་དར་མདོ་རྫོང་ཨུའི་ཧྲུའུ་ཅི་དམ་ཡིད་ཅིན་གྱིས་ཏང་ཨུ་སྲིད་གཞུང་གི་དབུ་ཁྲིད་རྒྱུན་འཁྱོངས་བྱེད་དགོས་པ་དང་།སེམས་གཅིག་བློ་གཅིག་གིས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་དགོས་པ།སྤྱི་ཚོགས་འཆམ་མཐུན་ཡོང་བར་ནུས་པ་ཅི་ཡོད་འདོན་དགོས་པ།མང་ཚོགས་རྣམས་ལ་སློབ་གསོ་ཡག་པོ་བཏང་ནས་མི་རིགས་མཐུན་སྒྲིལ་དང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བྱེད་དགོས་པ།སྤྱི་ཚོགས་ཀྱི་དཀར་པོ་དགེ་བའི་ལས་ནང་ཞུགས་དགོས་པ་བཅས་ཀྱི་ཐད་ལ་གསུང་བཤད་གནལ་ཆེན་གནང་བ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག