མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

འདབ་པ་རྫོང་ཉི་སྟེན་གནམ་གྲུ་ཐང་དུ་གནམ་གྲུ་དངོས་སུ་འཕུར་སྐྱོད་བྱས།

རྩོམ་པ་པོ། མཁས་གྲུབ་ནོར་བུས་བྲིས།  ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན།  2013-09-23 10:21

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་བ9པའི་ཚེས16ཉིན་གྱི་ཞོགས་པའི་ཆུ་ཚོད་བརྒྱད་དང་ཕྱེད་ཀའི་སྟེང་ཀྲུང་གོ་རྒྱལ་སྤྱིའི་མཁའ་སྐྱོད་ཀུང་སི་ལྷོ་ནུབ་ཡན་ལག་ཀུང་སིའི་གནམ་གྲུA4215བདེ་བླག་ངང་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འདབ་པ་རྫོང་ཉི་སྟེན་གནམ་གྲུ་ཐང་དུ་བབས་པ་དང་། དེ་ནི་དཀར་མཛེས་ཁུལ་གྱི་གནམ་གྲུ་ཐང་གཉིས་པ་དེ་ཡིན་ལ། མིག་སྔར་འཛམ་གླིང་སྟེང་ས་ཁད་ཆེས་མཐོ་བའི་དམངས་སྤྱོད་གནམ་གྲུ་ཐང་ཡིན་པ་རེད།

ཆུ་ཚོད8དང་སྐར་མ40སྟེང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་འདབ་པའི་ཉི་སྟེན་གནམ་གྲུ་ཐང་དུ་གནམ་གྲུ་འཕུར་སྐྱོད་བྱེད་ཐུབ་པའི་མཛད་སྒོ་གཟབ་རྒྱས་ངང་སྤེལ་བ་རེད། མཛད་སྒོའི་སྟེང་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་མཁའ་དམག་གི་སྔོན་མའི་ཆབ་སྲིད་ཨུ་ཡོན་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུའི་ནང་དོན་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཏེང་ཁྲང་ཡུའུ་དང་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། ཞིང་ཆེན་ཞིང་ལས་ལས་སྒྲུབ་ཨུ་ལྷན་གྱི་ཀྲུའུ་རེན་ལི་ཁྲང་ཕིང་། ཞིང་ཆེན་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རེན་གཞོན་པ་ལིའུ་ཏའོ་ཕིང་།ཁྲེང་ཏུའུ་མཁའ་དམག་གི་སྔོན་མའི་སི་ལིང་ཡོན་ཧྥང་ཏན་རུང་། ཁྲེང་ཏུའུ་མཁའ་དམག་གི་སི་ལིང་ཡོན་གཞོན་པ་ཁྲེང་ཀུའེ་ཁྲེན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཀྲེན་རུང་། ཁུལ་གྱི་དབུ་ཁྲིད་ཝང་དབྱང་དང་པི་ཧྲི་ཤང་། ཁྲེང་ཏེ་གོ། ཀྲང་ཕིང་ཧྲན། གོ་ཉིང་། ཅང་ཞུའེ་དབྱིན་དང་ཁུལ་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ་ཝང་ཧྥང་ལིང་བཅས་མཛད་སྒོ་རུ་ཞུགས་པ་རེད།

ཁུལ་ཨུའི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་གསུང་བཤད་གནང་བ་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཡེ་ཤེས་ཟླ་བས་གནམ་གྲུ་འཕུར་སྐྱོད་ཐུབ་པའི་མཛད་སྒོའི་གཙོ་འགན་གནང་བ་རེད། ཧུའུ་ཁྲང་ཧྲེང་གིས་ཐོག་མར་ཁུལ་ཨུ་དང་ཁུལ་དམངས་ཆེན་རྒྱུན་ཨུ། ཁུལ་སྲིད་གཞུང་དང་ཁུལ་སྲིད་གྲོས་བཅས་ཀྱི་ཚབ་བྱས་ནས་མཛད་སྒོ་རུ་ཞུགས་པའི་འགོ་ཁྲིད་དང་སྐུ་མགྲོན་རྣམ་པ་ལ་སྙིང་ཐག་པ་ནས་དགའ་བསུ་ཞུས་པ་དང་། ཁྱད་པར་དུ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་མཁའ་དམག་གིས་ལོ་མང་པོའི་རིང་ལ་རང་ཁུལ་གྱི་མཁའ་སྐྱོད་བྱ་གཞག་ལ་རྒྱབ་སྐྱོར་དང་གཟིགས་སྐྱོང་ཚད་མེད་གནང་བ་དང་། སྔོན་མའི་རང་ཁུལ་གྱི་དབུ་ཁྲིད་རྣམ་པས་ངལ་བར་འཛེམ་མེད་ཀྱིས་ཇུས་འགོད་དང་བཀོད་སྒྲིག་གནང་བར་བརྟེན་དེ་རིང་གི་གྲུབ་འབྲས་རླབས་པོ་ཆེ་ཐོབ་པ་དང་། དེ་བཞིན་གནམ་གྲུ་ཐང་གི་ཇུས་འགོད་པ་དང་ལས་བཟོ་བ་རྣམས་ཀྱིས་དཀའ་ངལ་ཁྱད་བསད་ཀྱིས་འཛུགས་སྐྲུན་བྱས་པ་ལ་བཀའ་དྲིན་ཆེ་ཡང་ཡང་ཞུས་པ་རེད། ཁོང་གིས་གསུངས་རྒྱུར།འདབ་པའི་ཉི་སྟེན་གནམ་གྲུ་ཐང་ལེགས་གྲུབ་བྱུང་ནས་གནམ་གྲུ་འཕུར་སྐྱོད་ཐུབ་པ་དེས་དཀར་མཛེས་ཁུལ་དང་མེས་རྒྱལ་གྱི་ས་གནས་སོ་སོའི་བར་དུ་སླར་ཡང་མཁའ་དབྱིངས་སུ་བརྐྱངས་པའི་ཟམ་ཆེན་ཞིག་བསྐྲུན་པ་རེད། དེས་རང་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས།ཕན་ཚུན་འགྲོ་འོང་དང་སྤེལ་རེས་བྱེད་པར་སྟེགས་བུ་གསར་པ་ཞིག་བསྐྲུན་ཡོད།ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ངང་ཚུལ་བརྟན་པོའི་ངང་ནས་ཐོག་མར་ཕྱོགས་ཡོངས་ནས་ལྗོངས་རྒྱུའི་ལས་རིགས་འཕེལ་རྒྱས་ཆེན་པོ་གཏོང་རྒྱུ་དང་། མ་འོངས་པའི་ལོ་གསུམ་གྱི་རིང་ལ་གནམ་གྲུ་ཐང་དེའི་མཁའ་ལམ་མང་པོ་གཏོད་རྒྱུ་དང་མཁའ་ལམ་བདེ་འཇགས་ཐད་ནས་ནུས་པ་འདོན་རྒྱུ། མི་གཤིས་ཅན་གྱི་ཞབས་ཕྱི་དང་དེང་རབས་ཀྱི་དོ་དམ། ཤེས་ལྡན་མི་སྣ་གསོ་སྐྱོང་སོགས་བྱས་ནས་འདབ་པའི་ཉི་སྟེན་གནམ་གྲུ་ཐང་དེ་འཛམ་གླིང་ན་ཆེས་བཟང་བའི་ལྗོངས་རྒྱུའི་མཁའ་ལམ་གྱི་གནམ་གྲུ་ཐང་ཞིག་ཏུ་བསྐྲུན་དགོས།

ཤེས་རྟོགས་བྱུང་བར་གཞིགས་ན། ཉི་སྟེན་གནམ་གྲུ་ཐང་ལ་མ་དངུལ་ཁྱོན་བསྡོམས་སྒོར་དུང་ཕྱུར15.8བཏང་བ་དང་འདབ་པ་རྫོང་གི་བྱང་རྒྱུད་ཀྱི་མཚོ་ལར་གནས་ཡོད། རྫོང་མཁར་ནས་སྤྱི་ལེ49དང་། ཤམ་བྷ་ལའི་གྲོང་རྡལ་ནས་སྤྱི་ལེ122དང་། ཉི་སྟེན་མཛེས་ལྗོངས་ཁུལ་ནས་སྤྱི་ལེ159རྒྱང་བ་རེད། ས་ཁད་མཐོ་ཚད་སྨི4410ཡོད་པ་རེད།

ཉི་སྟེན་གནམ་གྲུ་ཐང་གི་འགན་ཁུར་བས་ངོ་སྤྲོད་བྱེད་རྒྱུར། གནམ་གྲུ་འཕུར་སྐྱོད་ཐུབ་རྗེས་དཀར་མཛེས་ཁུལ་ནུབ་རྒྱུད་ཀྱི་རྫོང་ཁག་དྲུག་དང་བོད་ལྗོངས། ཡུན་ནན་སོགས་ས་ཁུལ་ལས་མི་གྲངས་ཁྲི40ཙམ་ལ་ཞབས་ཕྱི་བྱེད་ཐུབ་པ་དང་། མིག་སྔར་འདབ་པ་ནས་ཁྲེང་ཏུའུ་དང་ཁྲུང་ཆིང་བར་གྱི་མཁའ་ལམ་གཉིས་གཏོད་པ་དང་། དེ་ནས་རིམ་བཞིན་ཀོང་ཀྲོའུ་དང་ཞི་ཨན། ལུའུ་ཀྲོའུ་སོགས་ཀྱི་མཁའ་ལམ་གཏོད་རྒྱུ་རེད། ཉིན་རེའི་ཞོགས་པའི་ཆུ་ཚོད6དང་སྐར་མ50སྟེང་ཁྲེང་ཏུའུ་ ཧྲོང་ལིའུ་རྒྱལ་སྤྱིའི་གནམ་གྲུ་ཐང་ནས་འཕུར་འགོ་ཚུགས་ཏེ་ཆུ་ཚོད7དང་སྐར་མ55ཡི་ཐོག་ཉི་སྟེན་གནམ་གྲུ་ཐང་དུ་འབབ། ཆུ་ཚོད8དང་སྐར་མ45སྟེང་ནས་ཡང་ཉི་སྟེན་གནམ་གྲུ་ཐང་ནས་འཕུར་ཏེ་ཆུ་ཚོད9དང་སྐར་མ50སྟེང་ཁྲེང་ཏུའུ་ཧྲོང་ལིའུའི་གནམ་གྲུ་ཐང་དུ་འབབ་པ་ཡིན་ཏེ། འཕུར་སྐྱོད་ཀྱི་དུས་ཡུན་ཆུ་ཚོད་གཅིག་དང་སྐར་མ་ལྔ་ཙམ་ལས་མི་འགོར་བ་རེད།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག