སྐབས་གཉིས་པའི་རྒྱལ་ཡོངས་ཀྱི་ནུས་རྩལ་འགྲན་བསྡུར་སྐབས་སུ་མཚོ་སྔོན་ཞིང་ཆེན་གྱིས་ནུས་རྩལ་འགྲེམ་སྟོན་བརྗེ་རེས་བྱ་འགུལ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས16ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་གཉིས་པའི་ལས་རིགས་ནུས་རྩལ་འགྲན་བསྡུར(བསྡུས་མིང་ལ་སྐབས་གཉིས་པའི་རྒྱལ་ཡོངས་ནུས་རྩལ་འགྲན་བསྡུར)རྒྱལ་ཁབ་འགྲེམ་ཚོགས་ལྟེ་གནས་སུ་མགོ་ཚུགས་ཤིང་།    མཚོ་སྔོན་ཞིང་ཆེན་གྱིས་མཚོ་སྔོན་གྱི་འཚེམ་དྲུབ་ཐོན་རྫས་གཙོར་བྱས་པའི་ནུས་རྩལ་འགྲེམ་སྟོན་བརྗེ་རེས་བྱ་འགུལ་སྤེལ་བ་རེད།     

རྒྱུས་ལོན་པ་ལྟར་ན།   སྔར་ལས་ལྷག་པར་སྤྱི་དམངས་ཡོངས་ཀྱི་ནུས་རྩལ་ལ་རྒྱུས་ལོན་དང་ནུས་རྩལ་ལ་དོ་ཁུར་ལེགས་པོ་བྱ་ཆེད།    རྒྱལ་ཡོངས་ཀྱི་ནུས་རྩལ་འགྲན་བསྡུར་སྐབས་གཉིས་པ་སྤེལ་བའི་དུས་མཚུངས་སུ་ལྟད་མོའི་རང་བཞིན་དང་ཞུགས་པའི་རང་བཞིན།    མཉམ་འགུལ་རང་བཞིན་བཅས་ཀྱི་ནུས་རྩལ་འགྲེམ་སྟོན་སྤེལ་རེས་བྱ་འགུལ་སྤེལ་ནས། ཡུལ་དངོས་སུ་རྒྱལ་ཁབ་ཀྱི་གྲུབ་འབྲས་འགྲེམ་སྟོན་དང་།    ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)སོ་སོ་དང་དེ་བཞིན་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་།    འགྲན་ཞུགས་ལས་རིགས་སྡེ་ཁག་བཅས་ཀྱི་གྲུབ་འབྲས་འགྲེམ་སྟོན་བྱས།

ཐེངས་འདིའི་མཚོ་སྔོན་འགྲེམ་ཁང་གི་བཟོ་དབྱིབས་འཆར་འགོད་དེ་གཙོ་བོ་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་འདུ་ཤེས་སུ་བྱེད་པ་དང་།    གཙང་གསུམ་འབྱུང་ཡུལ་དང་།    “ཀྲུང་ཧྭའི་ཆུ་མཛོད”མཚོ་སྔོན་པོ།    མཁའ་ཡི་མེ་ལོང་ཚྭ་མཚེའུ་མཛེས་ལྗོངས་ཁུལ་སོགས་མཚོ་སྔོན་གྱི་མིང་བྱང་མཛེས་ལྗོངས་ཁྱད་ཆོས་སུ་བྱེད་པ།    ནུས་རྩལ་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་གི་ལས་དོན་གཙོ་རྐང་དུ་བྱེད་པ།    ངལ་རྩོལ་ལ་བརྩི་འཇོག་དང་།    ཤེས་བྱར་བརྩི་འཇོག  ཤེས་ལྡན་པར་བརྩི་འཇོག   གསར་གཏོད་ལ་བརྩི་འཇོག་བཅས་ཀྱི་རྣམ་པ་བཟང་པོ་གཏོད་པ་བཅས་བྱས་ནས་མཚོ་སྔོན་ཞིང་ཆེན་གྱི་ལས་རིགས་ནུས་རྩལ་སྤེལ་རེས་མཉམ་ལས་ལ་གྲུབ་འབྲས་མངོན་གསལ་ཐོབ་ཡོད།

མཚོ་སྔོན་ཞིང་ཆེན་གྱི་ཚབ་བྱས་ནས་འགྲེམ་སྟོན་བརྗེ་རེས་བྱེད་སྒོའི་ཁྲོད་ཞུགས་མཁན་གཙོ་བོ་ནི་མཚོ་སྔོན་གྱི་འཚེམ་དྲུབ་གྲངས་འཛིན་སྤྱི་ཁྱབ་པུའུ་ཡི་ཧོར་རིགས་ཀྱི་འཚེམ་དྲུབ་དང་།   ཧུང་ཀྲུང་རྫོང་གི་བརྩེགས་དྲུབ།  རྨ་ཙུང་གི་འཚེམ་དྲུབ།   ཀོས་ནན་རྫོང་གི་བོད་ཀྱི་འཚེམ་དྲུབ་སོགས་བཅས་སྣ་ཁ་དྲུག་གི་འཚེམ་དྲུབ་བརྩམས་ཆོས་འདུས།     མཚོ་སྔོན་འཚེམ་དྲུབ་ཀྱི་རིག་གནས་འབྱུང་ཁུངས་དང་།    རྒྱུན་འཛིན་འཕེལ་རྒྱས་ཀྱི་ད་ལྟའི་གནས་ཚུལ།    འཕེལ་རྒྱས་ཀྱི་མདུན་ལམ་སོགས་འབྲེལ་ཡོད་གནས་ཚུལ་གཙོར་བྱས་ནས་ངོ་སྤྲོད་བྱས་པ་མ་ཟད།    གྱོན་གོས་འགྲེམ་སྟོན་གྱི་རྣམ་པ་སྟེང་ནས་ཧོར་རིགས་དང་ཧུའེ་རིགས་སོགས་གྲངས་ཉུང་མི་རིགས་ཀྱི་འཚེམ་དྲུབ་མའི་མི་རིགས་ཀྱི་གྱོན་ཆས་དང་གཞོན་ནུའི་འཚེམ་དྲུབ་ཀྱི་ཇུས་འགོད་གྱོན་ཆས་སྤྲས་ཏེ། ཡུལ་དངོས་སུ་མཚོ་སྔོན་འཚེམ་དྲུབ་ཀྱི་ཁྱད་ལྡན་ཐོན་རྫས་དང་དེ་བཞིན་གྱོན་ཆས་འགྲེམ་སྟོན་བྱས།  །  

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།