ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས14ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་རིག་གནས་ཁྲོམ་རའི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་ལྟ་སྐུལ་ཅུའུ་ནས་ཤེས་གསལ་ལྟར་ན། སྟོན་དུས་སློབ་མགོ་ཚུགས་པ་ནས་བཟུང་། ཞིང་ཆེན་ཡོངས་ནས་སློབ་གྲྭའི་ཉེ་འཁོར་གྱི་རིག་གནས་ཁྲོམ་རའི་ཆེད་དོན་ཁྲིམས་འཛིན་ཞིབ་བཤེར་ལས་དོན་སྤེལ་ནས། སློབ་གྲྭའི་མཐའ་འཁོར་གྱི་རིག་གནས་ཁྲོམ་རའི་ཁོར་ཡུག་ཇེ་ལེགས་སུ་གཏོང་བར་བཀོད་སྒྲིག་བྱས།
ཁྲིམས་འཛིན་མི་སྣ་དཔེ་ཁང་དང་བསྐྱར་དཔར་ཁང་དུ་སོང་ནས། བཀག་སྡོམ་གྱི་ནང་དོན་ཡོད་པའི་རིག་གནས་ཐོན་རྫས་དང་དེའི་སྐོར་གྱི་ཞབས་ཞུ་ཡོད་མེད་ཞིབ་བཤེར་ནན་མོ་བྱས་པ་དང་། འཇིགས་སྐུལ་དྲག་ཤུགས་དང་ཆགས་སྲེད། མ་རབས་ཐ་ཤལ་སོགས་གཞོན་ནུ་ལོ་ཆུང་གི་ལུས་སེམས་བདེ་ཐང་ལ་ཤུགས་རྐྱེན་ཐེབས་པའི་དཔེ་སྐྲུན་རིགས་ལ་ཞིབ་བཤེར་ནན་མོ་བྱས་པ་མ་ཟད། ཡུལ་སྐོར་ཚོང་སྟེགས་དང་ཚོང་ཁང་ཆུང་གྲས་ཀྱིས་དཔང་རྟགས་མེད་པར་རང་དགར་ཚོང་གཉེར་བྱེད་པ་སོགས་ལ་ཞིབ་བཤེར་ནན་མོ་དང་པར་དབང་རྐུ་སྤྱོད་ཀྱི་ཁྲིམས་འགལ་དཔེ་སྐྲུན་དངོས་པོ། དེ་བཞིན་པར་གཞི་རྐུ་སྤྱོད་དང་ཟུར་ཁྲིད་སློབ་གཞི་སོགས་ཀྱི་གནད་དོན་སོགས་ལ་ཞིབ་བཤེར་ནན་མོ་བྱས། ཐེངས་འདིའི་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱ་སྤྱོད་ནང་དཔེ་ཁང7དང་བསྐྱར་དཔར་ཁང3ཡོད་པ་དང་། ཁྲིམས་འཛིན་མི་སྣ་མི་ཐེངས40མངགས་ཏེ་སློབ་གྲྭ་འབྲིང་ཆུང་གི་རྒྱུན་ལྡན་གྱི་སློབ་ཁྲིད་སྒྲིག་ལམ་དང་ཉེ་འཁོར་གྱི་རིག་གནས་ཁྲོམ་རར་རིག་གནས་ཁྲིམས་འཛིན་གྱི་འགན་སྲུང་འདོན་སྤྲོད་བྱས།
རྒྱུས་ལོན་ལྟར་ན། ཟླ8པ་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱི་ས་གནས་སོ་སོ་རུ་སློབ་གྲྭའི་ཉེ་འཁོར་གྱི་རིག་གནས་ཁྲོམ་རའི་ཁྲིམས་འཛིན་ཞིབ་བཤེར་ཁྱོན་ཡོངས་ནས་སྤེལ་ཞིང་། སྟོང་སྐོར་རྫོང་དུ་ཁྲིམས་འཛིན་མི་སྣས་སློབ་གྲྭའི་ཉེ་འཁོར་གྱི་ཚོང་གཉེར་བྱ་ཡུལ་གྱི་ལས་དོན་མི་སྣར་འབྲེལ་ཡོད་སྲིད་ཇུས་དང་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་སྒྲོག་བྱས་ནས། ཁྲིམས་འགལ་གྱི་དཔེ་སྐྲུན་རིགས་དབྱེ་འབྱེད་ཇི་ལྟར་བྱ་རྒྱུར་མཛུབ་ཁྲིད་བྱས་པ་དང་། ཁྲིམས་འཛིན་མི་སྣས་བསྡོམས་པས་སློབ་གྲྭ་དང་དེ་བཞིན་ཉེ་འཁོར་གྱི་རིག་གནས་མཁོ་ཆས་ཚོང་ཁང་དང་། བསྐྱར་དཔར་ཁང་། སྒོ་རྩིས་ཚོང་ཁང་། ཟ་ཁང་། ལྕགས་རིགས་མཁོ་ཆས་ཚོང་ཁང་སོགས180ལྷག་ལ་ཞིབ་བཤེར་བྱས་པ་དང་། སྒོ་རྩིས་ཚོང་ཁང3གྱི་མེ་གསོད་ཡོ་ཆས་དུས་ཚོད་ཡོལ་ཏེ་འཕྲལ་དུ་བཅོས་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན་པ་ལས་གཞན། གྲི་བཙོང་སའི་སྒོ་རྩིས་ཚོང་ཁང་དུ་གྲི་རིགས་ཕྱིར་འཚོང་བྱེད་མི་ཆོག་པར་བྱས་པ་དང་། རིག་གནས་མཁོ་ཆས་ཚོང་ཁང་ཞིག་ཏུ་རང་དགར་བཙོངས་པའི“རྒྱན་ཤོག”ཡོད་པ་ཤེས་ན་མེད་པ་བཟོ་བའི་བླང་བྱ་བཏོན་པ་སོགས་མཚོ་ཤར་གྲོང་ཁྱེར་གྱིས་སྡེ་ཁག་སོ་སོ་དང་མཉམ་འབྲེལ་བྱས་ཐོག རིག་གནས་ཚོང་གཉེར་བྱ་ཡུལ་གྱི་བདེ་འཇགས་ཐོན་སྐྱེད་དང་གོ་རིམ་ལྡན་པའི་ཚོང་གཉེར་སོགས་ཀྱི་གནས་ཚུལ་ལ་དམིགས་ནས་ཁྲིམས་འཛིན་ཞིབ་བཤེར་བྱས་པ་དང་། དཔེ་སྐྲུན་དངོས་པོ་དང་ བསྐྱར་དཔར། རོལ་རྩེད། སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞི་སོགས་རིག་གནས་ཚོང་གཉེར་སྡེ་ཁག17ལ་ཞིབ་བཤེར་བྱས་ནས་ནུས་ཤུགས་ཡོད་རྒུས་སློབ་གྲྭའི་མཐའ་འཁོར་གྱི་ཁོར་ཡུག་བཅོས་སྒྲིག་བྱས། །
རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།
མཚོ་སྔོན་ཞིང་ཆེན་གྱིས་སློབ་རའི་ཉེ་འཁོར་གྱི་རིག་གནས་ཁྲོམ་རའི་ཁོར་ཡུག་ལ་ཞིབ་བཤེར་ནན་མོ་བྱས་པ།