མཚོ་སྔོན་གྱིས་འགོག་བཅོས་བྱེད་ཐབས་བརྟན་པོ་སྤྱད་དེ་ཐུམ་འབུའི་ནད་ཀྱི་ཕྱོགས་བསྡུས་འགོག་བཅོས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས15ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ཀྱི་ཡུལ་དངོས་སྐུལ་འདེད་ཚོགས་འདུའི་ཐོག་ནས་རྒྱུས་ལོན་པ་ལྟར་ན། ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་ཐུམ་འབུའི་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ཁག་དོན་འཁྱོལ་ནུས་ལྡན་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་། 2022ལོའི་ལོ་མཇུག་བར་ཞིང་ཆེན་ཡོངས་སུ་རིམ་རྩིས་བྱས་ན་མི་ཚོགས་ལ་ཐུམ་འབུའི་ནད་ཞིབ་བཤེར་མི་ཁྲི488.83ལ་བྱས་ཟིན་པ་དང་། ཞིང་ཆེན་ཡོངས་སུ་ཁྱབ་པའི་ས་ཁུལ་དུ་རྒྱུན་སྡོད་མི་འབོར་ལ་ཞིབ་བཤེར་བྱས་ནས་ཁྱོན་ཡོངས་ལ་ཁྱབ་པ་དང་། ད་ལྟའི་བར་ནད་པར་སྐྱོབ་བཅོས་ཁྱབ་ཚད100%ལ་སླེབས་ཡོད། མི་ཚོགས་ཀྱི་ཐུམ་འབུའི་ནད་ཕོག་ཚད0.14%བར་ཆག་པ། གཤག་བཅོས་རན་པ་དང་རང་མོས་ངང་གཤག་བཅོས་དང་ལེན་བྱེད་མཁན་ནད་པ་ཐོན་པའི་གནས་ཚུལ“མེད་པར་བཟོ་བ”མངོན་འགྱུར་བྱས་ནས་ཞིང་ཆེན་ཡོངས་ཀྱི་ཐུམ་འབུའི་ནད་ཚབས་ཆེན་མཆེད་ཚད་ལ་ཚོད་འཛིན་གང་ལེགས་བྱས།

ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱིས་རྩ་འཛུགས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་དང་གོ་རིམ་ལྡན་པའི་ངང་འགོག་བཅོས་ལས་དོན་ལ་སྐུལ་འདེད་བཏང་ནས། “སྲིད་གཞུང་དང་སྨན་ཁང་ཟུང་དུ་འབྲེལ་བའི”མཉམ་ལས་བྱེད་སྟངས་རྨང་གཞིར་བྱས་ནས་ཞིང་ཆེན་དང་ཁུལ། རྫོང་ཞང་བཅས་རིམ་པ་བཞིའི་ནད་བརྟག་སྨན་བཅོས་མ་ལག་གི་ནུས་པ་འདོན་སྤེལ་གྱིས་ནད་པའི་གཤགས་བཅོས་རྗེས་ཀྱི་བཅར་འདྲི་ཡག་པོ་བྱས་ནས་སྨན་བཅོས་ཀྱི་ཕན་འབྲས་ལ་འགན་ལེན་བྱས་པ་རེད། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས“མཚོ་སྔོན་ཞིང་ཆེན་གྱི་ཐུམ་འབུའི་ནད་འགོག་བཅོས་ཆ་འཕྲིན་ལས་སྟེགས”བསྐྲུན་ནས་མི་ཚོགས་ཀྱི་གྲལ་བཤེར་དང་ཐུམ་འབུའི་ནད་པའི་ཆ་འཕྲིན་སོགས་འབྲེལ་ཡོད་གཞི་གྲངས་དུས་ཐོག་ཏུ་ངེས་ཐུབ་པར་སྐུལ་འདེད་བཏང་བ་རེད། ཞིང་ཆེན་ཡོངས་ཀྱི་ཞིང་ལས་དང་གྲོང་གསེབ། སྤྱི་བདེ། ཆུ་བེད། སྐྱེ་ཁམས་ཁོར་ཡུག ། ནགས་ཚལ་དང་རྩྭ་ཐང་སོགས་སྡེ་ཚན་གྱིས་ས་གནས་ཁག་གི་སྲིད་གཞུང་དང་མཉམ་དུ་འབྱུང་རྩ་ནས་སྔོན་འགོག་ཚོད་འཛིན་བྱེད་པའི་རྩ་བར་དམ་པོར་དམིགས་ནས“གནས་བཞི་གཞི་གཅིག”གི་འགོག་བཅོས་ཐབས་ཇུས་དོན་འཁྱོལ་ནུས་ལྡན་བྱས། ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ཐུམ་འབུའི་ནད་འགོག་བཅོས་ཀྱི་ཤེས་བྱ་ལས་ཁུངས་དང་སློབ་གྲྭ། སྡེ་ཁུལ། འབྲོག་ཁྱིམ། ཆོས་ལུགས་བྱེད་ཡུལ། བཟོ་གཏེར་ཁུལ། ཡུལ་སྐོར་མཛེས་ལྗོངས་ཁུལ་སོགས་སུའགྲིམ་པ་བདུན”གྱི་བྱེད་སྒོ་སྤེལ་ཏེ་ཁྱབ་གདལ་བཏང་ནས“12345”ཐུམ་འབུའི་ནད་འགོག་བཅོས་ཀྱི་ཤེས་བྱ་རྒྱུན་མཐུད་ངང་དྲིལ་སྒྲོག་བྱས།

ཟླ9བའི་ཚེས1ཉིན།《མཚོ་སྔོན་ཞིང་ཆེན་གྱི་ཐུམ་འབུའི་ནད་འགོག་བཅོས་སྲོལ་ཡིག》དངོས་སུ་ཁྱབ་བསྒྲགས་དང་ལག་བསྟར་བྱས་པ་རེད། ཞིང་ཆེན་ཡོངས་ཀྱིས་སྲོལ་ཡིག་བཏོན་ནས་ལག་ལེན་བསྟར་རྒྱུ་གོ་སྐབས་སུ་བྱས་ཏེ་ཐོག་མཐའ་བར་གསུམ་དུ་འགག་སྒོ་སྔོན་སྣུར་དང་སྔོན་འགོག་གཙོ་བོར་བྱེད་པའི་སྤྱི་ཡོངས་ཀྱི་འགོག་བཅོས་ཐབས་ཇུས་མཐའ་འཁྱོངས་ཀྱིས་འགོ་ནད་འབྱུང་རྩ་ནས་ཚོད་འཛིན་དང་བདེ་ཐང་དྲིལ་བསྒྲགས་སློབ་གསོ་གཙོ་གནད་དུ་བྱེད་པའི་ཕྱོགས་བསྡུས་འགོག་བཅོས་བྱེད་ཐབས་ཁྱོན་ཡོངས་ནས་ལག་བསྟར་དང་། ས་གནས་སྲིད་གཞུང་གི་གཙོ་གཞིའི་འགན་འཁྲི་ཇེ་བརྟན་དུ་གཏོང་བ། རྒྱུན་རྣམ་ཅན་གྱི་ལྟ་ཞིབ་ཚད་ལེན་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། ཚན་རྩལ་གསར་གཏོད་དང་གྲུབ་འབྲས་གཞན་སྒྱུར་བེད་སྤྱོད་ལ་ཤུགས་སྣོན་པ། གཞི་རིམ་གྱི་འགོག་བཅོས་ནུས་པ་དང་འཇོན་མིའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་པ། ནད་པ་སྐྱོབ་བཅོས་དང་སྐབས་བསྟུན་དོ་དམ་ལ་ཤུགས་སྣོན་པ།ཞིང་ཆེན་རིམ་པའི་སྨན་བཅོས་ལྟེ་གནས། ཁུལ(གྲོང་ཁྱེར)རིམ་པའི་སྨན་བཅོས་རྟེན་གནས། རྫོང་རིམ་པའི་སྨན་བཅོས་སྐྱོབ་བཅོས་ས་ཚིགས། ཞང(གྲོང་ཚོ)གི་སྨན་བཅོས་དོ་དམ་ས་ཚིགས་གི་རིམ་བཞིའི་སྨན་བཅོས་དོ་དམ་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་པ། ཁུལ་དང་རྫོང་རིམ་པའི་སྨན་བཅོས་སྒྲིག་གཞིའི་ཐུམ་འབུའི་ནད་སྨན་བཅོས་བྱེད་ནུས་ཀྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་སྟེ། རྒྱུན་མཐུད་དང་ནུས་ལྡན་ངང་ཐུམ་འབུའི་ནད་མཆེད་པར་ཚོད་འཛིན་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། སངས་རྒྱས་སྐྱབས།

དཔྱད་མཆན 0 ཡོད།