མཚོ་བྱང་གིས་རྫོང་ཁོངས་ཀྱི་ཚོང་ལས་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས11ཉིན། གསར་འགོད་པས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུའུ་ནས་ཤེས་གསལ་ལྟར་ན། ཅུའུ་དེས་ཤང་གྲོང་ཚོང་དོན་ལྟེ་གནས་བསྒྱུར་བཀོད་རིམ་སྤོར་དང་། རིམ་གསུམ་ཟོག་འགྲེམས་མ་ལག་འཛུགས་སྐྲུན། འཛད་སྤྱོད་ཐབས་ལམ་ཇེ་ལེགས་སུ་གཏོང་བ་བཅས་གཙོ་གནད་དུ་བྱས་ནས་རོང་འབྲོག་ཁུལ་གྱི་ཚོང་ཟོག་དང་ཞབས་ཞུའི་མཁོ་སྤྲོད་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་ལེགས་སུ་བཏང་བ་དང་། ཟོག་འགྲེམས་སྡེབ་སྐྱེལ་མ་ལག་ཁྱོན་ཡོངས་ནས་འཐུས་ཚང་དུ་བཏང་སྟེ། ཁུལ་ཡོངས་ཀྱི་ཚོང་ལས་ཀྱི་ཐེག་ནུས་དང་འཕེལ་རྒྱས་ཀྱི་གསོན་ཤུགས་རྒྱུན་མཐུད་ངང་ཆེ་རུ་བཏང་། 

རྣམ་གྲངས་ཀྱི་སྣེ་ཁྲིད་འོག་ས་གནས་དེ་གའི་ཚོང་དོན་འཁོར་རྒྱུག་ཁེ་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་དང་། རྫོང་གྲོང་ལྟེ་བར་བྱེད་པ་དང་། ཤང་གྲོང་གཙོ་གནད་དུ་བྱེད་པ། གྲོང་ཚོ་རྨང་གཞིར་བྱེད་པ་བཅས་ཀྱི་ཚོང་ལས་མ་ལག་འཛུགས་པ། ཁུལ་ཡོངས་ཀྱི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”ཚོང་དོན་འཁོར་རྒྱུག་འཕེལ་རྒྱས་འཆར་འགོད་དང་ཟུང་འབྲེལ་བཅས་བྱས་ནས་མཐར་རྫོང་ཁོངས་ཀྱི་ཚོང་ལས་ཕྱོགས་བསྡུས་ཞབས་ཞུའི་སྒྲིག་གཞི་བསྒྱུར་བཀོད་རིམ་སྤོར་དང་། རིམ་གསུམ་ཟོག་འགྲེམས་མ་ལག་འཛུགས་སྐྲུན། འཛད་སྤྱོད་ཐབས་ལམ་ལེགས་གཏོང་། རོང་འབྲོག་ཁུལ་གྱི་འཛད་སྤྱོད་སྤུས་ཚད་མཐོར་གཏོང་སོགས་ཐད་རྫོང་ཁོངས་ཀྱི་ཚོང་ལས་མ་ལག་འཛུགས་སྐྲུན་གྱི་གཙོ་གནད་རྣམ་གྲངས7འཆར་འགོད་བྱས་པ་དང་སྤྱིའི་མ་འཇོག་བསྡོམས་འབོར་སྒོར་ཁྲི2294.8ཟིན་ཡོད་པ་རེད། མིག་སྔར་རྣམ་གྲངས5བསྐྲུན་ཟིན་པ་དང་སྐྲུན་བཞིན་པའི་རྣམ་གྲངས2ཡོད་པ་རེད། 

མཚོ་བྱང་གིས་ཚོང་ལས་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བ་བྱེད་པ་དང་། མཁོ་སྤྲོད་འབྲེལ་ཐག་ལ་སྐུལ་འདེད་གཏོང་བ། ཟོག་འགྲེམས་སྡེབ་སྐྱེལ། ཚོང་ཟོག་ཞབས་ཞུ་གཞི་རིམ་དུ་ཁྱབ་པ་བཅས་ལ་དམིགས་ཏེ་དེང་རབས་ཀྱི་ཚོང་དོན་འཁོར་རྒྱུག་མ་ལག་སྔར་བས་འཛུགས་རྒྱུ་རེད། སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ཞབས་ཞུ་འགན་ལེན་བྱས་པ་བརྒྱུད། མིན་ཡོན་རྫོང་མཛའ་གྲོགས་ཚོང་དོན་ཀུང་སི་དང་། མདོ་ལ་རྫོང་ཅིའུ་ཆི་ཚོང་དོན་ཚད་ཡོད་ཀུང་སི། མདོ་ལ་ཀྲུང་ཧྭ་ཤར་རྒྱུད་ཚོང་དོན་ཚད་ཡོད་ཀུང་སི་སོགས་ཚོང་དོན་འཁོར་རྒྱུག་ཁེ་ལས6ལ་འཛད་སྤྱོད་ཀྱི་ཐབས་ལམ་ཇེ་ལེགས་སུ་གཏང་རྒྱུར་སྐུལ་ལྕག་བྱས་ནས། རྫོང་དང་ཤང་གི་འཛད་སྤྱོད་ཁྲོམ་རའི་མཁོ་སྤྲོད་དང་འཛད་སྤྱོད་ཀྱི་སྟབས་བདེ་སྔར་བས་ཕུན་སུམ་ཚོགས་སུ་བཏང་ཡོད་པ་རེད། མིན་ཡོན་ཤུས་ཧུང་ཚོང་དོན་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་བསྒྱུར་བཀོད་རིམ་སྤོར་བྱས་པ་བརྒྱུད་ཉོ་སྒྲུབ་དང་རོལ་རྩེད། སྤྲོ་གསེང་སོགས་ཀྱི་ལས་སྒོ་སྔར་བས་མཉམ་འདྲེས་ཐུབ་པར་སྐུལ་འདེད་གཏོང་དགོས། མདོ་ལའི་མཁའ་དབྱིངས་ཀྱི་བག་ཆགས་ཚོང་ལས་ཀྱི་རྐང་ཐང་ཁྲོམ་གཞུང་དེ་ཞིང་ཆེན་རིམ་པའི་ཁྱད་ཆོས་ལྡན་པའི་རྐང་ཐང་ཁྲོམ་གཞུང་དུ་གཏན་འཁེལ་བྱས་ཡོད། མཚོ་བྱང་ཁུལ་དར་རྒྱས་ཚོང་དོན་ཚད་ཡོད་ཀུང་སིས་གཞི་རིམ་དུ་མཁོ་སྤྲོད་ཀྱི་སྦྲེལ་ཐག་དང་ཚོང་ཟོག་གི་ཞབས་ཞུ་བརྒྱུད་དེ། རོང་འབྲོག་པར་ཐོན་རྫས་དང་ཐོན་རྫས་གསར་པ་ཐད་ཀར་ཉོ་སྒྲུབ་བྱེད་དུ་འཇུག་པར་ཁྲིད་སྟོན་བྱ་རྒྱུ་རེད། 

དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་སྤེལ་བའི་ཕྱོགས་བསྡུས་དཔེ་སྟོན་རྫོང་གི་རྣམ་གྲངས་ལག་བསྟར་བྱས་པ་བརྒྱུད། ཁུལ་ཡོངས་ཀྱི་རྫོང་དང་ཤང་། སྡེ་བ་བཅས་རིམ་གསུམ་ཟོག་འགྲེམས་ཞབས་ཞུའི་མ་ལག་ཆགས་ཤིང་། རྫོང་རིམ་པའི“གཅིག་གྱུར་མཛོད་དང་གཅིག་གྱུར་སྡེབ་སྒྲིག”མཛོད་ཉར་ཟོག་འགྲེམས་ཁག་བགོས་ལྟེ་གནས4དང་། ཤང་དང་གྲོང་རྡལ་གྱི་ཟོག་འགྲེམས་བར་བརྒྱུད་ཞབས་ཞུའི་ས་ཚིགས32གྲོང་ཚོ་རིམ་པའི་ཞབས་ཞུའི་ས་ཚིགས152བཅས་བསྐྲུན་པ་དང་། ཁུལ་ཁོངས་ནང་གི“ཤར་གཏོང་གསུམ་དང་ཚད་ལོན་གཅིག”དང་། སྦྲག་སྲིད་སོགས་སྐུར་སྐྱེལ་ཁེ་ལས་མང་པོ་རྫོང་ཁོངས་ཀྱི“གཅིག་གྱུར་ཚང་སྒྲིག”ལྟེ་གནས་ནང་ཞུགས་པར་བསྡུ་སྒྲིལ་བྱས་པ་དང་། ནུས་ལྡན་གྱི་ཞབས་ཞུའི་ནུས་པ་ཁུལ་ཡོངས་ཀྱི་ཤང་དང་གྲོང་རྡལ་གྲོང་ཚོ100%ལ་ཁྱབ་པར་བྱས་ནས། བཟོ་ལས་ཐོན་རྫས་གཤམ་སྐྱེལ་དང་ཞིང་ཕྱུགས་ཐོན་རྫས་གྲོང་ཁྱེར་དུ་ཕན་ཚུན་འཁོར་རྒྱུག་བྱེད་པའི“དྲ་ཚིགས་ཆུང་གྲས་དང་དྲ་བ་ཆེ་གྲས”བཅས་དེང་རབས་ཀྱི་འཁོར་རྒྱུག་དྲ་བ་རིམ་བཞིན་ཆགས་པར་བྱས་ཡོད། །

རྩོམ་སྒྲིག་པ། ཕག་གྲུབ།

དཔྱད་མཆན 0 ཡོད།