མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུའུ་ཡིས་བརྡ་ཁྱབ་བཏང་ནས་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཡུལ་སྐོར་བྱེད་སྒོའི་དོ་དམ་སྔར་ལས་ཚད་ལྡན་དུ་གཏོང་རྒྱུ་རེད། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས20ཉིན། མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུའུ་ཡིས་བརྡ་ཁྱབ་བཏང་ནས། མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཡུལ་སྐོར་བྱེད་སྒོ་ཚད་ལྡན་ངང་དོ་དམ་བྱ་རྒྱུའི་འབྲེལ་ཡོད་དོན་ཚན་གཏན་འབེབས་བྱས། 

བརྡ་ཁྱབ་ནང་། མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་བའི་ཁུལ་དང་ཆོག་མཆན་ཐོབ་མེད་པའི་བར་གཏོང་ཁུལ་དུ་རང་དགར་སོང་མི་ཆོག སྲུང་སྐྱོང་ཁུལ་གྱི་ཚོད་ལྟ་ཁུལ་དུ་བཅའ་སྡོད་ལས་ཁུངས་དང་གྲོང་མིའི་རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བ་རོལ་བ་ལས། ཆོག་མཆན་མ་ཐོབ་པར་སྲུང་སྐྱོང་གཏན་འབེབས་དང་མི་མཐུན་པའི་ཡུལ་སྐོར་བྱེད་སྒོ་སྤེལ་མི་ཆོག སྲུང་སྐྱོང་ཁྱབ་ཁོངས་ནང་གི་རྩྭ་ཐང་ནི་སྡེ་ཁུལ་གྱི་གྲོང་མིའི་ཐོན་སྐྱེད་ཀྱི་ཐོན་ཁུངས་གལ་ཆེན་ཡིན་པ་དང་། ལྕགས་ར་དང་བགྲོད་ལམ་ནི་རྩྭ་ཐང་དོ་དམ་གྱི་སྒྲིག་བཀོད་དང་འབྲོག་མིའི་ལམ་བུ་ཡིན་པས། རང་དགར་གཏོར་བཤིག་གཏོང་མི་ཆོག་པ་དང་མི་སྒེར་གྱིས་ཡུལ་སྐོར་བགྲོད་ལམ་དང་ཡུལ་སྐོར་མཛེས་ལྗོངས་ཁུལ་བསྐྲུན་མི་ཆོག མིག་སྔར། མཚོ་སྔོན་པོའི་ས་ཁུལ་གྱི་གླང་ཆེན་སྣ་ཞགས་དང་ཁེ་རམ་ཐང་། རྐང་ཚའི་གསེར་ཉའི་ཁྱིམ་གཞིསསོགས་མཛེས་ལྗོངས་ཁུལ་རྒྱུན་ལྡན་ལྟར་སྒོ་ཕྱེ་ཡོད། འཆར་འགོད་བྱས་ཏེ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ12རིམ་བཞིན་སྒོ་འབྱེད་རྒྱུ་རེད། 

དེ་དང་ཆབས་ཅིག བརྡ་ཁྱབ་ནང་ད་དུང་ཡུལ་སྐོར་དུས་ཚིགས་སུ་མཚོ་སྔོན་པོའི་ས་ཁུལ་དུ་རླངས་འཁོར་མང་པོ་ཡོད་པས་འགྲིམ་འགྲུལ་འགག་པ་དང་འགྲིམ་འགྲུལ་དོན་རྐྱེན་འབྱུང་སླ་བས། ཡུལ་སྐོར་བའི་བདེ་འཇགས་འགན་ལེན་བྱ་ཆེད། ཡུལ་སྐོར་ལས་དོན་ཁང་དང་སྒེར་འཁོར་བསྐོར་བའི་ཡུལ་སྐོར་བ་ཚོས་ཡུལ་སྐོར་དྲན་སྐུལ་ལ་དོ་སྣང་ཆེན་པོ་བྱས་ནས། མཚོ་སྐོར་དུས་ཀྱི་འགྲིམ་འགྲུལ་གྱི་བཀོད་འདོམས་ལ་བརྩི་འཇོག་དང་། འགྲིམ་འགྲུལ་གྱི་ཁྲིམས་སྲོལ་ལ་བརྩི་སྲུང་བྱེད་པ། བདེ་འཇགས་ངང་རླངས་འཁོར་བསྐོར་བ། གང་བྱུང་དུ་རླངས་འཁོར་བཞག་ནས་འདྲ་པར་མི་ལེན་པ། འགྲིམ་འགྲུལ་སྒྲིག་ལམ་འགན་ལེན་བཅས་བྱས་ནས་ཡུལ་སྐོར་གྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས་ཞེས་བཀོད་ཡོད། མིག་སྔར་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་བསྐྲུན་པའི་བརྒྱུད་རིམ་ནང་། མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་ཚད་གཞི་ལྟར་མཛེས་ལྗོངས་ཁུལ་གྱི་སྤུས་རྟགས་འཛུགས་སྐྱོང་དང་། འགྲིམ་འགྲུལ་བསྒྱུར་བཀོད་རིམ་སྤོར། ཞབས་ཞུའི་མ་ལག་འཛུགས་སྐྱོང་སོགས་རིམ་སྤེལ་ལས་གཞི་ལག་བསྟར་བྱས་ནས། ཡུལ་སྐོར་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བ་དང་། ཡུལ་སྐོར་གྱི་སྤུས་ཀ་ཇེ་ལེགས་སུ་གཏོང་རྒྱུ་ཡིན་པར་མ་ཟད། རྒྱ་ཆེའི་ཡུལ་སྐོར་བར་སྟབས་བདེ་བསྐྲུན་པ་དང་། དུས་ཐོག་ཏུ་དཀའ་ངལ་སེལ་དགོས། 

དེ་དང་ཆབས་ཅིག མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུའུ་ཡིས་སྤྱི་ཚོགས་ལས་རིགས་སོ་སོ་ཧུར་ཐག་གིས་ལྟ་སྐུལ་ནང་ཞུགས་རྒྱུར་དགའ་བསུ་བྱེད་བཞིན་ཡོད། ལྟ་སྐུལ་ཐེར་འདོན་ཁ་པར་ཨང་གྲངས་ནི0971-6365076ཡིན།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།