ཀྲུང་གོ་བོད་ཀྱི་དྲ་བ།

བློ་མཐུན་ཀྲུའུ་ཀྲི་གོ་ཡི་སྔོན་ཐོན་བྱས་རྗེས་ཀྱི་སྙན་ཞུ་ཚོགས་འདུ་ཐོག་མ་བསྡུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2023-05-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས23ཉིན། རྒྱལ་ཡོངས་ཀྱི་རྩ་འཛུགས་བྱ་བའི་ལས་བྱེད་པ་ཕུལ་བྱུང་དང་ཞིང་ཆེན་ཡོངས་ཀྱི་ཏང་གི་ལས་དོན་པ་ཕུལ་བྱུང་བློ་མཐུན་ཀྲུའུ་ཀྲི་གོ་ཡི་སྔོན་ཐོན་བྱས་རྗེས་ཀྱི་སྙན་ཞུ་ཚོགས་འདུ་ཐོག་མ་ཟི་ལིང་དུ་བསྡུས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཀྲའོ་ཡུའེ་ཞ་གྲོས་ཚོགས་ལ་ཞུགས་པ་མ་གཏམ་བཤད། ཀྲུང་དབྱང་བརྗོད་དོན་སློབ་གསོའི་མཛུབ་སྟོན་ཚན་ཆུང་ཐེངས་བཅུ་བཞི་པ་དང་ཀྲུང་དབྱང་རྩ་འཛུགས་པུའུ་ཡི་འབྲེལ་ཡོད་བློ་མཐུན་གྲོས་ཚོགས་ལ་ཞུགས།

སྙན་ཞུ་ཚོགས་འདུའི་སྟེང་བློ་མཐུན་ཀྲུའུ་ཀྲི་གོ་ཡི་སྔོན་ཐོན་བྱས་རྗེས་ཀྱི་བརྙན་ཐུང《རྒྱུན་ལྡན་གྱི་རེ་འདུན》ཞེས་པ་བསྟན་པ་དང་། སྙན་ཞུ་ཚོགས་པའི་ཁོངས་མི5ཡིས《ཚེ་སྲོག་ལ་བརྟེན་ནས་ལྷག་བསམ་མཚོན་པར་བྱེད་པ》དང་། 《རྩ་འཛུགས་འཐབ་ཕྱོགས་ཀྱི“ལས་དོན་པ”》།《མཐོ་སྒང་གི་བརྩེ་སེམས་ཟབ་མོ》།《མི་ཚེ་ལམ་བུའི་རིང་གི་དྲན་གསོ》།《ལང་ཚོའི་འོད་ཟེར་དེ་གནོང་འགྱོད་མེད་པའི་ཁྲོད་དུ་འཕྲོ་བ》བཅས་བརྗོད་བྱ་གཙོ་བོར་བྱས་ནས་བློ་མཐུན་ཀྲུའུ་ཀྲི་གོ་ཡི་མི་སེམས་འགུལ་བའི་བྱས་རྗེས་ལ་རྗེས་དྲན་ཟབ་མོ་ཞུས། ཀྲའོ་ཡུའེ་ཞ་ཡིས་བློ་མཐུན་མའོ་ཙེ་ཏུང་གི་སྔོན་ཐོན་བྱས་རྗེས་དང་བླ་ན་མེད་པའི་སྙིང་སྟོབས་དྲིལ་བསྒྲགས་དང་དར་སྤེལ་ཆེན་པོ་གཏོང་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དང་བརྗོད་དོན་སློབ་གསོ་སྤེལ་བའི་སྐོར་གྱི་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་ལག་ལེན་ཡིན་ལ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སློབ་སྦྱོང་གི་དཔེ་བཟང་དང་རང་འགུལ་ངང་འགན་འཁྲི་དང་ལེན་དང་དངོས་སྒྲུབ་ཀྱི་བྱ་ཐབས་ཤིག་ཀྱང་ཡིན། ཁོང་གིས་རིམ་པ་སོ་སོའི་ཏང་ཡོན་ལས་བྱེད་པས་བློ་མཐུན་ཀྲུའུ་ཀྲི་གོ་དང་འདྲ་བར་བསམ་བློ་སློབ་སྦྱོང་དང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་ལག་ལེན་ལ་མཛུབ་ཁྲིད་བྱས་ཏེ་སྦྱངས་པ་གོ་ཆོད་དགོས་པའི་ནན་གྱིས་བསྟན། བློ་མཐུན་ཀྲུའུ་ཀྲི་གོ་ལྟ་བུའི་ཏང་གཤིས་བརྟན་པོ་བྱས་ནས་ཆབ་སྲིད་འཛུགས་སྐྱོང་བྱ་རྒྱུ་དེ་གནས་བབ་ཨང་དང་པོར་འཇོག་པ་དང་། “གཏན་ཕབ་གཉིས”ལ་བློ་བརྟན་འགྱུར་མེད་ངང་བརྩི་བཀུར་ཞུ་བ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་པ། ཐོག་མཐའ་བར་གསུམ་དུ་དད་སེམས་བརྟན་པོ་དང་ཏང་ལ་བློ་དཀར་སེམས་དཀར་བཅས་བྱེད་དགོས། བློ་མཐུན་ཀྲུའུ་ཀྲི་གོ་ལྟ་བུའི་ལག་ལེན་ལ་མཐོང་ཆེན་བྱས་ནས་བྱ་གཞག་སྒྲུབ་སེམས་དང་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་སྟེ། བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་སེལ་བའི་ཕན་འབྲས་མངོན་གསལ་དོད་པོར་བརྟེན་ནས་དམངས་ཀྱི་ཡིད་ཆེས་ཐོབ་དགོས། བློ་མཐུན་ཀྲུའུ་ཀྲི་གོ་དང་འདྲ་བར་བྱས་རྗེས་གསར་པ་འཇོག་དགོས་པ་དང་། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱེད་པའི་བློ་སྟོབས་འཕེལ་བར་བྱེད་དགོས་པ། གཅིག་རྗེས་གཉིས་མཐུད་ངང་འབད་འཐབ་དང་སྙིང་རུས་གཏན་འཁྱོངས་བྱས་ཏེ་སྤུས་ཚད་མཐོ་བའི་ལས་དོན་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རྗེས་མཐུད་སྙན་ཞུ་ཚོགས་པས་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་སྒྲོག་འགྲེལ་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།