ཀྲུང་གོ་བོད་ཀྱི་དྲ་བ།

ལིའུ་ཀུའོ་ཀྲུང་གིས་མཚོ་སྔོན་དང་ཀན་སུའུ་རུ་རྟོག་ཞིབ་མཛད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2023-05-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིི་ཙུང་ལི་གཞོན་པ་ལིའུ་ཀུའོ་ཀྲུང་གིས་ཚེས22ནས་ཚེས24ཉིན་བར་མཚོ་སྔོན་དང་ཀན་སུའུ་རུ་གཟིགས་ཞིབ་མཛད་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་ལག་བསྟར་མཐར་ཕྱིན་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་ཟུང་འབྲེལ་བྱེད་པ། འགན་འཁྲི་ཇེ་དྲག་དང་ལས་དོན་དངོས་འབེབས་ལ་འབད་པ་ལྷོད་མེད་བྱེད་པ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་མཐའ་གཅིག་ཏུ་སྲ་བརྟན་རྒྱ་སྐྱེད་ལེགས་པར་གཏོང་བ། དབུལ་ཐར་རྨང་གཞི་སྔར་ལས་བརྟན་བརླིང་དང་གྲུབ་འབྲས་སྔར་ལས་རྒྱུན་མཐུད་རུང་བར་བྱས་ནས། གྲོང་གསེབ་དར་སྤེལ་ཞེས་པའི་རྩོམ་ཡིག་ཆེན་མོ་འདི་མུ་མཐུད་དུ་ལེགས་པར་འབྲི་བར་རྨང་གཞི་བརྟན་པོ་འདིང་དགོས་ཞེས་ནན་གསུང་གནང་། 

ལིའུ་ཀུའོ་ཀྲུང་སྔ་རྗེས་སུ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་དང་མཚོ་ཤར་གྲོང་ཁྱེར། ཀན་སུའུ་ཞིང་ཆེན་ཀ་ཅི་ཁུལ་དང་ཏིང་ཞི་གྲོང་ཁྱེར་སོགས་སུ་ཕེབས་ཤིང་། དབུལ་ཐར་ཐོན་ལས་ལས་གཞི་དང་དབུལ་སྐྱོར་འཁོར་ཁང་། ཡུལ་གཞན་གནས་སྤོར་བདེ་སྡོད་ཁུལ་སོགས་ལ་རྟོག་ཞིབ་མཛད་པ་དང་། དབུལ་ཐར་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་གནང་བ། ཡུལ་དངོས་སུ“འགན་སྲུང་གསུམ”དང་བཏུང་ཆུ་བདེ་འཇགས་འགན་སྲུང་གནས་ཚུལ། དབུལ་སྐྱོར་ལས་གཞི་འཁོར་སྐྱོད་ཕན་འབྲས་བཅས་ལ་གཟིགས་ཞིབ་མཛད། ཁོང་གིས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་འབད་པ་ལྷོད་མེད་ཀྱིས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་། རིམ་ལྔའི་ཧྲུའུ་ཅིས་མཉམ་འཛིན་རྒྱུན་འཁྱོངས་བྱེད་པ། “མི་ཕུད་པ་བཞི”གཡོ་འགུལ་མེད་པར་རྒྱུན་འཁྱོངས་བྱེད་པ། བར་བརྒལ་དུས་ཀྱི་དབུལ་སྐྱོར་སྲིད་ཇུས་གཙོ་བོ་སྤྱིའི་ཆ་ནས་བརྟན་བརླིང་ཡིན་པར་ངེས་པ་དོན་གྱིས་ཁག་ཐེག་བྱས་ཏེ། རྟག་བརྟན་འགྱུར་མེད་སྒོས་རོགས་སྐྱོར་ལས་དོན་ཁག་ལེགས་པར་སྒྲུབ་དགོས། བྱེད་ཐབས་སྣ་ཚོགས་ཕྱོགས་བསྡུས་བེད་སྤྱོད་བྱས་ནས་དབུལ་པོར་བསྐྱར་དུ་ལོག་པ་འགོག་པར་འགུལ་རྣམ་བརྟག་འཇལ་ལ་ཤུགས་སྣོན་པ་དང་། མྱུར་ཏུ་རྟོགས་པ་དང་ཁ་གཏད་ལམ་སྲོལ་འཐུས་ཚང་དུ་གཏོང་བ། དུས་ལྟར་དམིགས་གཏད་རང་བཞིན་གྱི་རོགས་སྐྱོར་བྱས་ཏེ། ཉེན་ཁའི་རྐྱེན་ངན་སེལ་བར་གནད་འཁེལ་ཉེན་ཟོན་བྱེད་དགོས། རྒྱལ་ཁབ་ཀྱི་གྲོང་གསེབ་དར་སྤེལ་གཙོ་གནད་རོགས་སྐྱོར་རྫོང་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེར་སྐྱེད་པ་དང་། ཡུལ་གཞན་གནས་སྤོར་གྱི་རྗེས་མཐུད་རོགས་སྐྱོར་མུ་མཐུད་དུ་ཇེ་དྲག་ཏུ་བཏང་ནས། དབུལ་ཐར་ས་ཁུལ་སྔར་ལས་ལེགས་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་གསུང་གནང་། 

ལིའུ་ཀུའོ་ཀྲུང་གིས། ཐོན་ལས་དང་ལས་ཞུགས་རོགས་སྐྱོར་ལ་ཤུགས་ཆེན་པོ་སྣོན་པ་དང་། དབུལ་ཐར་མང་ཚོགས་ཀྱི་རྒྱུན་མཐུད་འབབ་འཕར་ལ་སྐུལ་འདེད་བཏང་ནས། ནང་སྐྱེད་འཕེལ་རྒྱས་སྒུལ་ཤུགས་ཇེ་དྲག་ཏུ་གཏོང་དགོས། “རང་སའི་ཁྱད་ལྡན་ཐོན་རྫས”ཀྱི་རྩོམ་ཡིག་ལ་སྔར་ལས་ཤུགས་ཆེན་པོ་བཏོན་ནས་ལེགས་པར་འབྲི་བ་དང་། རོགས་སྐྱོར་ཐོན་ལས་འཕེལ་རྒྱས་ལ་འཕྲད་པའི་ཞན་ཆ་དང་ཆད་ལྷག་ནན་ཏན་སྒོས་དབྱེ་ཞིབ་བྱེད་པ། དབུལ་སྐྱོར་སྲིད་ཇུས་རིགས་དབྱེ་ནས་དངོས་འབེབས་བྱེད་པ། ཁེ་ཕན་འབྲེལ་མཐུད་ལམ་སྲོལ་འཐུས་ཚང་དུ་བཏང་ནས། དབུལ་ཐར་མང་ཚོགས་ཀྱི་འབབ་འཕར་སྐུལ་ཁྲིད་བྱེད་པའི་ནུས་པ་ཇེ་དྲག་ཏུ་གཏོང་དགོས། ལས་ཞུགས་རོགས་སྐྱོར་སོགས་ཀྱི་སྲིད་ཇུས་དངོས་འབེབས་ལེགས་པོ་བྱེད་པ་དང་། དབུལ་ཐར་ངལ་རྩོལ་ནུས་ཤུགས་ཕྱིར་བསྐྱོད་ལས་ཞུགས་བརྟན་བརླིང་ཡོང་བར་མུ་མཐུད་དུ་རྒྱབ་སྐྱོར་བྱེད་པ། རྫོང་ཁོངས་ཀྱི་དམངས་ཕྱུག་ཐོན་ལས་ཧུར་ཐག་གིས་འཕེལ་རྒྱས་གཏོང་བ་བརྒྱུད་རང་ས་གནས་ཀྱི་ལས་རྐང་སྔོག་འདོན་བྱས་ཏེ། ཐག་ཉེ་ས་ནས་ལས་ཞུགས་ཐུབ་པའི་གོ་སྐབས་ཇེ་མང་དུ་གཏོང་དགོས་ཞེས་ནན་གྱིས་བསྟན། 

ལིའུ་ཀུའོ་ཀྲུང་གིས་ད་དུང་ཞིང་ཆེན་དང་རྫོང་རིམ་པ་གཉིས་ཀྱི་གྲོང་གསེབ་དར་སྤེལ་སྒྲིག་གཞི་རུ་རྟོག་ཞིབ་མཛད་པ་དང་། སྡེ་སྡོད་ཧྲུའུ་ཅི་དང་པོ་དང་ལས་དོན་རུ་མི་དང་བཀའ་མོལ་ཞིབ་མོ་གནང་སྟེ། ཁོང་གིས་གྲོང་གསེབ་དར་སྤེལ་གྱི་རྒྱུད་ཁོངས་ནི་སྒྲིག་གཞི་བཅོས་སྒྱུར་ཁྲོད་ཡོད་པས། སྲོལ་རྒྱུན་གྱི་སྤྱོད་བཟང་མུ་མཐུད་དུ་དར་སྤེལ་གཏོང་བ་དང་། བྱེད་ཤུགས་མི་ལྷོད་པ་དང་འགན་འཁྲི་མི་འགྱུར་བར། སྔར་སྲོལ་འགྱུར་མེད་ཀྱིས་ལས་དོན་ཁག་ནན་ཏན་སྒོས་ལེགས་པར་སྒྲུབ་དགོས། སྡེ་སྡོད་ལས་དོན་རུ་ཁག་གི་བྱེད་ནུས་འདོན་པ་དང་། དུས་ཡུན་ལོངས་རྗེས་ལས་བྱེད་པ་རེས་སྐོར་བཀོད་གཏོང་ལེགས་པར་བྱེད་པ། སྦྱོར་བརྡར་དང་ཉིན་རྒྱུན་གྱི་དོ་དམ་ལ་ཤུགས་བསྣན་ཏེ། དངོས་འབེབས་འཛིན་པ་དང་དཀའ་གནད་སེལ་བ། འཕེལ་རྒྱས་ལ་སྐུལ་བའི་ནུས་པར་ཆེད་དུ་དམིགས་ནས་མཐོར་འདེགས་གཏོང་དགོས་ཞེས་ནན་གྱིས་བསྟན། ། 

རྩོམ་སྒྲིག་པ། : གསང་བདག་རྒྱལ།