ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་བརྗོད་དོན་སློབ་གསོ་རྒྱ་ཆེར་སྤེལ་བར་སྐུལ་འདེད་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2023-05-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

      ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བསྟུད་མར་ཉིན་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་ནས། ཏང་ཡོན་ལས་བྱེད་ཀྱིས་བསམ་བློ་དང་འགུལ་བསྐྱོད་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་པར་སྣེ་ཁྲིད་དང་། བདེ་ཐང་ཞབས་ཞུའི་བྱ་འགུལ་རབ་དང་རིམ་པ་སྤེལ་ཏེ། དམངས་འཚོར་ཕན་པ་དང་། དམངས་སེམས་དྲོ་རུ་འཇུག་པ། དམངས་སེམས་དང་བསྟུན་པ་བཅས་ཀྱི་བྱ་བའི་ཤུགས་ཚད་ཆེ་རུ་བཏང་ནས། བརྗོད་དོན་སློབ་གསོ་དེ་སྔར་ལས་གཏིང་ཟབ་དང་དངོས་གཉེར་གྱི་ཕྱོགས་སུ་བསྐྱོད་པར་སྐུལ་འདེད་བཏང་། 

ཀྲུང་བོད་གསོ་རིག་བདེ་ཐང་སྐུལ་འདེད་བྱ་འགུལ་གྱིས་ཀྲུང་བོད་གསོ་རིག་ཞབས་ཞུ་ཞིང་སྡེ་རུ་བསྐྱལ། ཞིང་ཆེན་དང་ཁུལ། རྫོང་བཅས་རིམ་པ་གསུམ་གྱི་མཉམ་འབྲེལ་རྣམ་པར་བསྟེན་ནས། རིམ་པ་གསུམ་པའི་སྨན་བཅོས་སྒྲིལ་སྲོལ་དང་འཕྲོད་བསྟེན་ལས་ཁུངས་ཀྱི་ཆེད་མཁས་པ་བསྐོང་འཐེན་བྱས་ནས། མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་གི་མང་ཚོགས་རྣམས་ལ་རིན་མེད་ངང་བརྟག་དཔྱད་བྱས་ཤིང་། ཀྲུང་བོད་གསོ་རིག་གི་རྒྱུན་ཤེས་ཁྱབ་རྡལ་བཏང་པ་མ་ཟད། མེ་བཙའ་དང་མིག་གི་འཕུར་མཉེད་སྨན་རྫས་སོགས་ཀྱི་ཞབས་ཞུ་འདོན་སྤྲོད་བྱས་ལ། སྦྱོར་སྨན་དང་སྨན་ཟས། རྩྭ་སྨན་ཁྱད་ལྡན་ཐོན་རྫས་སོགས་རིན་མེད་ངང་ཚོད་ལྟ་བྱེད་དུ་བཅུག བྱ་འགུལ་དེ་ཞིང་ཆེན་ཡོངས་སུ་བསྟུད་མར་སྤེལ་རྒྱུ་རེད། 

ལས་རིགས་ནད་ཀྱི་འགོག་བཅོས་དྲིལ་སྒྲོག་བྱ་འགུལ་གྱིས་ལས་རིགས་ནད་ཀྱི་འགོག་བཅོས་ཞབས་ཞུ་ཁེ་ལས་ཁྲོད་དུ་བསྐྱལ། ཞིང་ཆེན་སྨན་ཁང་བཞི་པ་དང་ཞིང་ཆེན་རིམས་འགོག་ཚོད་འཛིན་ལྟེ་གནས། ཞིང་ཆེན་འཕྲོད་བསྟེན་ལྟ་སྐུལ་ཁང་། ཞིང་ཆེན་ས་གནས་ནད་སྔོན་འགོག་ལྟ་སྐུལ་ཁང་བཅས་ཀྱིས་རྩ་འཛུགས་བྱས་ཏེ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་དུ་སོང་ནས་ལས་རིགས་ནད་ཀྱི་འགོག་བཅོས་ཐབས་ལམ་སོགས་ཁྲིམས་ལུགས་ཁྲིམས་སྲོལ་དྲིལ་སྒྲོག་དང་སྨན་བཅོས་ལག་རྩལ་ཞབས་ཞུ་བསྒྲུབས་ལ། གཙོ་བོ་ཁེ་ལས་ལས་བཟོ་པར་ཁ་གཏད་ནས་ལས་རིགས་ནད་ཀྱི་འགོག་བཅོས་སྲིད་ཇུས་འདྲི་རྩད་དང་སྨན་བཅོས་ནད་བརྟག བདེ་ཐང་ལུས་བཤེར། དྲི་བར་ལན་འདེབས་པ། ཆེད་དོན་སློབ་ཁྲིད་བྱེད་པ། ལས་རིགས་ནད་ཀྱི་འགོག་བཅོས་ཤེས་བྱའི་བསྒྲགས་དེབ་འགྲེམ་པ་བཅས་བྱས། 

བདེ་ཐང་སློབ་གསོའི་འགུལ་བསྐྱོད་བྱ་འགུལ་གྱིས་བདེ་ཐང་ཚན་རྩལ་ཁྱབ་སྤེལ་ཞབས་ཞུ་དེ་ལས་ཁུངས་སུ་བསྐྱལ། ཞིང་ཆེན་རིམ་པའི་བདེ་ཐང་སློབ་གསོའི་རུ་ཁག་རྩ་འཛུགས་བྱས་ནས། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་ནུབ་མཚོ་གྲོང་རྡལ་དུ་སོང་ནས། ལས་བྱེད་པ་དང་ལས་བཟོ་པ་རྣམས་ལ་བདེ་ཐང་སློབ་གསོའི་སློབ་ཁྲིད་བྱས་པ་དང་། བདེ་ཐང་ཤེས་བྱ་ཁྱབ་གདལ་དང་འདྲི་རྩལ་བྱེད་དུ་བཅུག་ལ། གཞུང་ལས་ཁང་གི་རྩལ་སྦྱོང་སྐོར་སློབ་ཁྲིད་དང་། བདེ་ཐང་ཚན་རྩལ་ཁྱབ་རྡལ་གྱི་རྒྱུ་ཆ་བཀྲམ། སྐོར་བསྐྱོད་སྒྲོག་བཤད་བྱ་འགུལ་གྱིས་རྐང་ཚ་རྫོང་དང་མདོ་ལ་རྫོང་། མིན་ཧོ་ཧུའེ་རིགས་རང་སྐྱོང་རྫོང་བཅས་སུ་ཕྲང་བསྟར་བྱ་འགུལ་དེ་སྤེལ་རྩིས་ཡོད། 

དབྱིན་ལིན་འོས་འགན་སྨན་བཅོས་ཀྱིས་བདེ་ཐང་བརྟག་བཤེར་ཞབས་ཞུ་དེ་གཞིས་ཁུལ་དུ་བསྐྱལ། ཞིང་ཆེན་རིམ་པའི་སྨན་བཅོས་ལས་ཁུངས་ཀྱི་ལས་འཁྱུར་ངལ་གསོ་བྱས་ཟིན་པའི་སྨན་བཅོས་ཆེད་མཁས་པ་རྩ་འཛུགས་བྱས་ནས། མཚོ་ཤར་གྲོང་ཁྱེར་མིན་ཧོ་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཁྲོན་ཁུག་གྲོང་རྡལ་ཧྲི་ན་གཞིས་ཁུལ་དུ་སོང་ནས་ནད་བརྟག་སྨན་བཅོས་བྱ་འགུལ་སྤེལ། ལས་ཁྱུར་ངལ་གསོ་བྱས་ཟིན་པའི་ཆེད་མཁས་པ་ཚོས་རང་གི་ཆེད་ལས་རྩལ་ནུས་ཀྱི་དགེ་མཚན་ནུས་པ་འདོན་སྤེལ་བྱས་ནས། མང་ཚོགས་ལ་འོས་འགན་སྨན་བཅོས་ཞབས་ཞུ་བཟང་བོ་སྒྲུབ་པ་དང་། བདེ་ཐང་ཤེས་བྱའི་དྲི་བར་ལན་འདེབས་པ། རྒྱུན་སྤྱོད་སྨན་རྫས་རིན་མེད་ངང་སྟེར་པ་བཅས་ཀྱི་བྱ་འགུལ་སྤེལ་ནས། མང་ཚོགས་རྣམས་ཀྱིས་དགའ་བསུ་ཆེན་པོ་ཐོབ།  ། 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།