ཀྲུང་གོ་བོད་ཀྱི་དྲ་བ།

བསླབ་ནས་སྤྱོད་བཟང་བསྐྱངས་ཏེ་བརྗོད་དོན་སློབ་གསོ་ཏན་ཏིག་དང་གཏིང་ཟབ་ཏུ་སྤེལ་དགོས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-05-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས་བཞི་ཉིན་གྱི་མཚོ་སྔོན་ཉིན་རེའི་ཚགས་པར་སྟེང་དུ། དཔྱད་བརྗོད་པའི་རྩོམ་ཡིག་སྟེ་བསླབ་ནས་སྤྱོད་བཟང་བསྐྱངས་ཏེ་བརྗོད་དོན་སློབ་གསོ་ཏན་ཏིག་དང་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས་ཞེས་པ་འཁོད་ཡོད། རྩོམ་ཡིག་ནང་དུ་འདི་ལྟར་བསྟན་ཡོད། 

ཀུན་སྤྱོད་འཛུགས་སྐྱོང་ནམ་ཡང་ལམ་དུ་ཡོད་པ་དང་། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་རྒྱུ་ནམ་ཡང་ལམ་དུ་ཡོད་ལ། ཏང་གི་རང་ངོས་གསར་བརྗེ་ནམ་ཡང་ལམ་དུ་ཡོད། ལག་ལེན་གོང་འཕེལ་དུ་འགྲོ་བཞིན་པ་དང་། གནས་བབ་ལ་འགྱུར་ལྡོག་འབྱུང་བཞིན་པས། ཏང་གི་ཀུན་སྤྱོད་འཛུགས་སྐྱོང་ཡང་བབ་བསྟུན་མདུན་སྐྱོད་བྱེད་བཞིན་པ་དང་། རྒྱུན་མ་ཆད་པར་ནང་དོན་གསར་པ་འབྱུང་བཞིན་ཡོད། སྤྱོད་གཙང་དྲང་གཞག་སྒོས་གཞུང་དོན་བསྒྲུབ་ནས་དར་སྲོལ་གསར་པ་ཆགས་པར་བྱེད་རྒྱུ་ནི་ཐེངས་འདིའི་བརྗོད་དོན་སློབ་གསོའི་བྱེ་བྲག་གི་དམིགས་འབེན་གྲས་ཀྱི་གཅིག་ཡིན་པས། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ངེས་པར་དུ་བརྗོད་དོན་སློབ་གསོ་སྤེལ་རྒྱུ་དེ་གོ་སྐབས་སུ་བརྩི་བ་དང་། སྤྱོད་ཚུལ་ཕྱོགས་ཀྱི་འབུར་ཐོན་གནད་དོན་ཐག་བཅད་དེ། སྤྱོད་ཚུལ་ཇེ་བཟང་དུ་གཏོང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཁྲོད་ཁྱབ་པའི་རིན་ཐང་གི་འཚོལ་སྙེག་དང་བསམ་པའི་ཡུལ་ཁམས། སྤྱོད་ཚུལ་སྤྱོད་ལམ་བཅས་ཉིན་རྒྱུན་གྱི་གཏམ་སྤྱོད་ཁྲོད་ལག་བསྟར་བྱེད་པ་དང་སྤྱོད་ཚུལ་ཁྲོད་་མངོན་པར་བྱེད་པ། བྱ་བའི་ཁྲོད་བཀོལ་སྤྱོད་བྱེད་དགོས།

སློབ་སྲོལ་ལེགས་པར་བསྐྱང་ནས་སྲིད་སྐྱོང་གི་ཁྱད་སྟོབས་ཟབ་མོ་ཆགས་པར་བྱེད་དགོས། ང་ཚོའི་ལས་བྱེད་པ་ཡར་ཐོན་ཡོང་བ་དང་། ང་ཚོའི་ཏང་ཡར་ཡོང་བ། ང་ཚོའི་མི་རིགས་ཡར་ཐོན་ཡོང་བ་བཅས་ལ་ངེས་པར་དུ་སློབ་སྦྱོང་བཟང་བོ་བྱེད་པ་དང་། སློབ་སྦྱོང་ཡང་དང་བསྐྱར་དུ་བྱེད་པ་རྒྱུན་འཁྱོངས་བྱེད་དགོས་ལ། ལག་ལེན་ཡང་དང་བསྐྱར་དུ་བྱེད་པ་རྒྱུན་འཁྱོངས་བྱེད་དགོས། ཏང་ཡོན་ལས་བྱེད་པས་སློབ་སྦྱོང་བྱེད་མིན་དང་སློབ་སྲོལ་བཟང་མིན་དེ་མི་སྒེར་གྱི་དགའ་ཕྱོགས་ཀྱི་གནད་དོན་ཡིན་པར་མ་ཟད། ཏང་གཤིས་བློ་སྦྱོང་གི་གཞི་རྩའི་རེ་བ་དང་འདོར་ཐབས་མེད་པའི་ཆབ་སྲིད་ཀྱི་འགན་འཁྲི་དེ་ལས་ཀྱང་ཡིན། ཏང་ཡོན་ལས་བྱེད་པ་ཚོར་མཚོན་ན། བསམ་པའི་ཐད་ཀྱི་ལྷོད་གཡེང་ཁྱད་སེལ་བྱེད་པ་དང་ནུས་པའི་ཐད་ཀྱི་འཇིགས་སྣང་མེད་པར་བྱེད་པའི་ལམ་བུ་ནི་རྒྱུན་མ་ཆད་པར་སློབ་སྦྱོང་བྱེད་པ་དང་སློབ་སྦྱོང་གཏིང་ཟབ་ཏུ་བྱེད་པ། སྒྱུར་བཀོད་སྒོས་སློབ་སྦྱོང་བྱེད་རྒྱུ་ཁོ་ན་ཡིན། སློབ་སྦྱོང་བྱེད་ན་ཐོག་མར་ཆབ་སྲིད་ཀྱི་ཁ་ཕྱོགས་སློབ་དགོས་པས། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་ཏུ་བྱེད་པ་དང་། དེའི་ཁྲོད་ནས་འབད་འཐབ་ལྷོད་མེད་ཀྱི་སྒུལ་ཤུགས་བསྡུ་ལེན་བྱེད་པ་དང་ཐོས་བསམ་སྤྱོད་རྟོགས་ཀྱི་ཆབ་སྲིད་རིག་སྟོབས་ཇེ་དྲག་ཏུ་གཏོང་བ། རུལ་སུངས་ལ་ངོ་རྒོལ་བྱེད་པ་དང་འགྱུར་ལྡོག་ལ་བཀག་འགོག་བྱེད་པའི་རགས་བརྟན་པོ་བཙུགས་ནས། སྔར་ལས་གཏན་ཤུགས་ལྡན་པ་དང་ཡིད་ཆེས་ཡོད་པ། རིག་སྟོབས་ཡོད་པའི་སྒོ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བགྲོད་ལམ་སྟེང་བློ་བརྟན་འགྱུར་མེད་ཀྱིས་བསྐྱོད་དགོས།

སྤྱོད་གཙང་སྒོས་སྤྱི་དོམ་སྒྲུབ་སྟེ་དར་སྲོལ་གསར་བ་དང་ཡ་རབས་སྤྱོད་ཚུལ་ཆགས་པར་བྱེད་དགོས། ཏང་སྲོལ་གནད་དོན་དེ་སྲིད་འཛིན་ཏང་གི་འཚོ་གནས་ལ་འབྲེལ་བ་ཡོད་པ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་རྒྱུ་ནི་ཆེས་མཐར་ཐུག་གི་རང་ངོས་གསར་བརྗེ་ཡིན་པས། ཏང་གཤིས་ལ་བརྟེན་ནས་བྱ་བ་སྒྲུབ་པ་རྒྱུན་འཁྱོངས་བྱེད་པ་དང་། ནན་གསུམ་རྣལ་གསུམ་དོན་འཁྱོལ་བྱེད་པ། ཀྲུང་དབྱང་གི་གཏན་ཁེལ་བརྒྱད་དང་དེའི་ལག་བསྟར་སྒྲིག་སྲོལ་ཞིབ་མོའི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ། ཁྱད་དབང་གི་བསམ་བློ་དང་ཁྱད་དབང་གི་སྣང་ཚུལ་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ། བདེན་འཚོལ་དངོས་གཉེར་དང་མཐུན་སྒྲིལ་འབད་འཐབ་ཀྱི་དུས་རབས་ཀྱི་དར་སྲོལ་གསར་བ་འཛུགས་པ། སྤྱོད་ཚུལ་གནད་དོན་བཅོས་སྐྱོང་ནན་མོ་བྱེད་པ། ཏང་གཤིས་བརྟན་པོ་དང་འགུལ་སྐྱོད་དངོས་ཀྱི་སྟེང་ནས་ཆབ་སྲིད་ཀྱི་སྐྱེ་ཁམས་ཐད་ཀྱི་ཆུ་དྭངས་རི་སྔོན་གསར་སྐྲུན་བྱེད་དགོས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་སྒྲིག་ལམ་འདུ་ཤེས་དང་སྒྲིག་སྲོལ་འདུ་ཤེས་ཇེ་དྲག་ཏུ་གཏོང་བར་སྣེ་ཁྲིད་བྱེད་པ་དང་། དྲང་གཞག་སྒོས་དབང་ཆ་སྤྱོད་པ་དང་ཁྲིམས་ལྟར་དབང་ཆ་སྤྱོད་པ། དམངས་ཀྱི་ཆེད་དུ་དབང་ཆ་སྤྱོད་པ། དག་གཙང་སྒོས་དབང་ཆ་སྤྱོད་པ་བཅས་བྱེད་པ། དག་གཙང་གི་བློ་མཐུན་བར་གྱི་འབྲེལ་བ་དང་ཚུལ་དང་ལྡན་པའི་གོང་འོག་བར་གྱི་འབྲེལ་བ། བརྩེ་གཙང་གཅིག་གྱུར་གྱི་སྲིད་ཚོང་འབྲེལ་བ་གསར་བ་གྲུབ་པར་བྱེད་པ། ཆབ་སྲིད་ཀྱི་སྐྱེ་ཁམས་དང་སྤྱི་ཚོགས་དར་སྲོལ་གྱི་སྣེ་ཁྲིད་པ་དང་གསར་སྐྲུན་པ། སྲུང་སྐྱོབ་པ་བྱས་ཏེ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་བསྲང་བྱེད་པའི་ཁྲོད་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་རང་མདངས་ནམ་ཡང་སྲུང་འཛིན་བྱེད་དགོས།

མི་དམངས་ལ་ཞབས་འདེགས་ཞུས་ནས་འགན་འཁྲི་ཁག་ཁུར་ལེགས་པོར་སྒྲུབ་དགོས། ལས་བྱེད་པའི་སྤྱོད་ཚུལ་གྱིས་ཏང་གཤིས་དང་བློ་སྦྱོང་། སྣང་བརྙན་བཅས་མཚོན་པས། དམིགས་འབེན་ལག་བསྟར་བྱས་ནས་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་། འགན་འཁྲི་ཕྲག་ཏུ་ལེན་པ། མི་དམངས་སེམས་ལ་འཛིན་པ། འགལ་རྩོད་གདོང་གིས་བསུ་ཕོད་པ། གནད་དོན་ཐག་གཅོད་ཐུབ་པ། བྱ་ངན་སྤྱོད་ངན་ལ་གདོང་གཏད་ནས་འཐབ་རྩོད་བྱེད་ཕོད་པ་བཅས་བྱས་ནས། སྟོབས་ཤུགས་ཡོད་རྒུས་རང་ཉིད་ཀྱི་བྱ་བ་བཟང་བོར་སྒྲུབ་དགོས། མང་ཚོགས་ཀྱི་བྱ་བ་ནན་མོར་མི་སྒྲུབ་པ་དང་སེམས་ཤུགས་མི་འདོན་པ་སོགས་ཀྱི་གནད་དོན་ལ་ཁ་གཏད་དེ། མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་འཛུགས་པ་དང་། དམངས་ཚིས་ལ་ཕན་པ་དང་དམངས་སེམས་ཇེ་དྲོར་གཏོང་བ། དམངས་ཀྱི་འདོད་བློ་དང་མཐུན་པའི་དོན་དངོས་བཟང་བོར་བསྒྲུབ་ནས། ཏང་སྲོལ་སྲིད་སྲོལ་བཟང་བོས་མི་དམངས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་དགོས། ལས་བྱེད་པ་ཉུང་ཤོས་ལ་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་ཁག་ཁུར་གྱི་ངར་སེམས་མེད་པ་དང་། ཕྱི་ཕྱོགས་ཀྱི་ཆ་རྐྱེན་དང་འཕེལ་རྒྱས་ཀྱི་དུས་རིམ། མངོན་སུམ་གྱི་བཀག་སྡོམ་བཅས་ཐད་དུ་ཁུངས་མེད་སྐད་ཆ་བཤད་རྒྱུར་དགའ་བ། གཞི་རིམ་དང་བྱ་བར་འགན་བཟང་བོ་མི་འཁུར་བ། ཐ་ན་དཔོན་པོ་བྱེད་པ་ལས་བྱ་བ་སྒྲུབ་མི་འདོད་པའི་སྣང་ཚུལ་ལ་ཁ་གཏད་དེ། སྲོལ་ངན་བཞི་རྒྱུན་མཐུད་ངང་བཅོས་སྐྱོང་ཡོ་བསྲང་བྱེད་པ་དང་། གཙོ་བོར་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་བཅོས་སྐྱོང་ཡོ་བསྲང་བྱེད་པ། གཟབ་ནན་དང་དངོས་གཉེར་གྱི་སྤྱོད་ཚུལ་དར་སྤེལ་གཏོང་བ། ཏང་ཡོན་ལས་བྱེད་པས་བྱ་བ་ནན་ཏན་སྒོས་སྒྲུབ་པར་སྣེ་ཁྲིད་བྱེད་པ། རྨང་གཞི་འདིང་བ་དང་ཡུན་རིང་ལ་ཕན་པའི་བྱ་བ་མང་དུ་བསྒྲུབ་པ། མང་ཚོགས་ཀྱིས་བརྩི་མཐོང་བྱེད་པ་དང་དམངས་ཚིས་ལེགས་སྒྱུར་བྱེད་པའི་བྱ་བ་མང་དུ་བསྒྲུབ་ནས། སྤྱོད་ཚུལ་བཟང་བོས་མི་དམངས་བསམ་པའི་འགན་འཁྲི་བརྟན་སྲུང་བྱེད་དགོས།

གནད་དོན་ཡང་དག་པར་བཙལ་ནས་བརྟག་དཔྱད་ཆེ་རུ་དར་བར་བྱེད་དགོས། བརྟག་དཔྱད་ཞིབ་འཇུག་ནི་བྱ་བ་སྒྲུབ་པའི་རྨང་གཞི་དང་བྱ་བ་ཡོངས་འགྲུབ་བྱེད་པའི་ཐབས་ལམ་ཡིན་པས། ཏང་གི་གསར་གཏོད་གཞུང་ལུགས་བཀོལ་ནས་གནས་ཚུལ་གསར་བར་ཞིབ་འཇུག་བྱེད་པ་དང་གནད་དོན་གསར་བ་ཐག་གཅོད་པ། ཉམས་མྱོང་གསར་བ་སྤྱི་སྡོམ་བྱེད་པ། གནད་དོན་དག་ཐེར་ལེགས་བཅོས་བྱེད་རྒྱུ་དེ་བརྗོད་དོན་སློབ་གསོའི་མགོ་མཇུག་བར་གསུམ་དུ་ཁྱབ་པར་བྱས་ཏེ། གནད་དོན་ཁྱེར་ནས་སློབ་སྦྱོང་བྱེད་པ་དང་གནད་དོན་ཁྱེར་ནས་ལེགས་བཅོས་བྱེད་དགོས། རྩ་འཛུགས་ནན་མོ་བྱེད་པ་དང་འཚམས་འདྲི་ཆེན་པོ་དང་རྟོག་ཞིབ་ཆེན་པོ། རྟོག་སེལ་ཆེན་པོ། མཁྲེགས་གཏོར་ཆེན་པོའི་བྱ་བ་སྤེལ་བ། གནད་དོན་ལ་ཐད་ཀར་དམིགས་པ་དང་དཀའ་ཁག་ལ་དམིགས་པ། ལག་བསྟར་ལ་དམིགས་པ། ཞབས་ཞུ་ལ་དམིགས་ནས། བྱ་བ་སྤེལ་བའི་གནད་ས་དང་གནད་དོན་ཐག་གཅོད་པའི་ཤུགས་འདོན་ས་འཚོལ་དགོས། བརྟག་དཔྱད་ཞིབ་འཇུག་ཟབ་མོ་བྱས་ཏེ་འཕེལ་རྒྱས་ཀྱི་དཀའ་གནད་ཐག་གཅོད་པ་དང་། གནད་དོན་ཐག་གཅོད་པའི་བསམ་ཕྱོགས་གསར་བ་དང་ཐབས་ལམ་གསར་བ་བཏོན་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བརྒལ་གཏོར་གསར་བ་བྱེད་དགོས། དུས་རབས་གསར་བའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་བསྐྱོད་པ་དང་། སྒོ་ཕྱེ་ནས་སློབ་གསོ་དར་སྤེལ་གཏོང་བ་རྒྱུན་འཁྱོངས་བྱེད་པ། གནས་ཚུལ་དངོས་དང་སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་འདོད་བློར་རྒྱུས་ལོན་ཡང་དག་བྱེད་པ། རྟོག་ཞིབ་ཀྱི་གྲུབ་འབྲས་བསྒྱུར་བ་དམ་འཛིན་བྱེད་པ། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་དང་ཆེད་དོན་བཅོས་སྐྱོང་ཐད་ཀྱི་འབུར་ཐོན་གནད་དོན་ཐག་གཅོད་པ། བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་བརྟེན་ནས་མི་དམངས་ལ་བདེ་སྐྱིད་བསྐྲུན་ནས། འཐབ་ལམ་གསར་པར་འབད་འཐབ་ཀྱིས་བསྐྱོད་ཆེད་སེམས་ཤུགས་གཅིག་སྒྲིལ་བྱེད་དགོས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།