ཀྲུང་གོ་བོད་ཀྱི་དྲ་བ།

དུས་ཚིགས་དང་པོའི་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ལས་ཞུགས་གནས་བབ་སྤྱིའི་ཆ་ནས་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་མངོན་ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2023-03-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས28ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་ཤེས་གསལ་ལྟར་ན། དུས་ཚིགས་དང་པོའི་ཞིང་ཆེན་ཡོངས་ཀྱི་ལས་ཞུགས་ལས་དོན་འཕེལ་འགྲོས་བདེ་བླག་ཡིན་པ་དང་། ལས་ཞུགས་གནས་བབ་བརྟན་ཐོག་བཟང་འཕེལ་གྱི་རྣམ་པ་རྒྱུན་སྲུང་བྱས་ཡོད། ཟླ3པའི་ཚེས25ཉིན་གྱི་བར་དུ། ཞིང་ཆེན་ཡོངས་ཀྱི་མཁར་གྲོང་གི་གསར་འཕེལ་ལས་ཞུགས་པ་ཁྲི1.57ལ་སླེབས་པ་དང་། མཁར་གྲོང་ཐོ་འགོད་ལས་ཤོར་ཚད1.5%ཡིན་ལ། ཅུང་དམའ་བའི་ཆུ་ཚད་དུ་ཚོད་འཛིན་བྱས་ཡོད། ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་པ་ལས་ཞུགས་སུ་བསྒྱུར་བ་མི་ཐེངས་ཁྲི34.5ལ་སླེབས། 

ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིང་གིས་ལས་ཞུགས་སྤུས་འདེགས་ཕན་ཆེ་འགུལ་སྐྱོད་ལག་བསྟར་བྱེད་མགོ་བརྩམས་པ་དང་། ཁེ་ལས་ལ་རོགས་རམ་དང་དཀའ་ངལ་སེལ་བ། ལས་རྐང་བརྟན་པ་བཅས་ཀྱི་བྱེད་སྒོ་དང་གཙོ་གནད་ཁེ་ལས་ཀྱིས་ལས་བཟོ་པ་བཀོལ་བའི་ཞབས་ཞུ་འགན་སྲུང་བྱེད་སྒོ་སོགས་བྱེད་སྒོ་ལྔ་སྤེལ་བའི་བྱེ་བྲག་གི་བྱེད་ཐབས20བརྒྱུད་ནས། ཆེད་དོན་འགུལ་སྐྱོད་དངོས་འབེབས་ཕན་འབྲས་མཐོང་བར་སྐུལ་འདེད་བཏང་། བརྒྱུད་ལམ་མང་པོ་ནས་གཙོ་གནད་ཁེ་ལས་ཀྱིས་ལས་བཟོ་པ་བཀོལ་བར་འགན་སྲུང་བྱས་པ་དང་། ཁེ་ལས་གཅིག་ལ་སྲིད་ཇུས་གཅིག་གི་བྱ་བའི་སྣེ་ལེན་སྒྲུབ་ཐུབ་པར་བྱས་པ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་ཞབས་ཞུ་ཆེད་དོན་མི་སྣའི་འགན་སྲུང་རང་འགུལ་གྱིས་འདོན་སྤྲོད་བྱས་པ། ལས་བཟོ་པ་བསྡུ་བའི་རུ་ཁག་ཆུང་ཆུང་ཁེ་ལས་དང་སློབ་གྲྭ། གཞི་རིམ་དུ་བསྐྱོད་ནས་ལས་མི་བསྡུ་བ་རྩ་འཛུགས་བྱས་པ། ཞིང་ཆེན་ཡོངས་ཀྱི་གཙོ་གནད་ཁེ་ལས20ལ་ལས་བཟོ་པ6507བསྡུས། དུས་ཚིགས་དང་པོའི་ལས་བཟོ་པ་བཀོལ་བར་ཁག་ཐེག་བྱེད་པའི་དམིགས་འབེན་འཆར་གཞི་སྔོན་ལ་མིང་ཐོ་ལ་བརྒལ་ནས་ལེགས་འགྲུབ་བྱས། བྱེད་ཐབས་མང་པོས་ཁེ་ལས་ལ་རོགས་རམ་དང་དཀའ་ངལ་སེལ་བའི་སྲིད་ཇུས་དངོས་འབེབས་བྱས་པ་དང་། ཁེ་ལས་རོགས་རམ་དང་དྲོད་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་ཀྱི་བཀོད་སྒྲིག་ལྟར། དུས་མཚམས་རང་བཞིན་གྱི་ཁེ་ལས་སྤྱི་ཚོགས་འགན་བཅོལ་དངུལ་སྤྲོད་པ་ཕྱིར་འགྱངས་བྱེད་པའི་སྲིད་ཇུས་དང་དུས་མཚམས་རང་བཞིན་གྱི་སྤྱི་ཚོགས་འགན་བཅོལ་དངུལ་ཕྱོད་ཇེ་དམར་གཏོང་བའི་སྲིད་ཇུས་དངོས་འབེབས་བྱེད་ཤུགས་ཆེར་བསྐྱེད། ཟླ2པའི་ཟླ་མཇུག་བར། ཞིང་ཆེན་ཡོངས་སུ་རིམ་རྩིས་ལྟར་ན་དངུལ་ཕབ་ཉུང་གཏོང་སྒོར་དུང་ཕྱུར1.39ལ་སླེབས་པ་དང་། སྤྱི་ཚོགས་འགན་བཅོལ་དངུལ་སྤྲོད་པ་ཕྱིར་འགྱངས་བྱས་པ་སྒོར་དུང་ཕྱུར713ལ་སླེབས། རྩལ་ནུས་མཐོར་འདེགས་ཁ་གསབ་སྒོར་ཁྲི32.2བཏང་བ་དང་། ལས་བཟོ་པ་མི་ཐེངས287ལ་ཕན་པ་བསྒྲུབས། 

དུས་མཚུངས་སུ། གྲོང་ཁྱེར་ཆེ་འབྲིང་མཉམ་འབྲེལ་སྒོས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་བསྡུ་བའི་དཔྱིད་དུས་ཆེད་དོན་བྱེད་སྒོ་སྤེལ་ནས། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་ལ་ཕྱོགས་ཡོངས་དང་སྣ་མང་ཅན་གྱི་ཞབས་ཞུ་འདོན་སྤྲོད་བྱས། 2023ལོའི་མཐར་ཕྱིན་སློབ་མའི་ཐེངས་གཅིག་རང་བཞིན་གྱི་ལས་འཚོལ་ལས་གཏོད་ཁ་གསབ་དང་ཁེ་ལས་ཀྱིས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ཁ་གསབ་དངོས་འབེབས་བྱས་པ་དང་། དཀའ་ངལ་ཅན་གྱི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ4481ལ་ལས་ཞུགས་རོགས་སྐྱོར་འདོན་སྤྲོད་བྱས་ཤིང་། དེའི་ཁྲོད་མི4063ལ་ལས་ཞུགས་མངོན་འགྱུར་བྱས། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་ལས་ཞུགས་དངོས་སྦྱོང་ལས་གནས་ལས་བསྡུ་འཆར་གཞི་མུ་མཐུད་སྐུལ་འདེད་བཏང་བ་དང་། ཞིང་ཆེན་ཡོངས་སུ་རིམ་རྩིས་ལྟར་ན་དངོས་སྦྱོང་རྟེན་གཞི244བཙུགས་པ། རིགས་མི་འདྲ་བའི་དངོས་སྦྱོང་ལས་གནས5503གཅིག་སྡུད་བྱས། རིམ་པ་མང་པོས་རྩལ་ནུས་གསོ་སྦྱོང་སྤུས་ཚད་མཐོར་འདེགས་བྱས་པ་དང་། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་ཞིང་པ་ལས་བཟོ་པ། དབུལ་ཐར་ངལ་རྩོལ་ནུས་པ་སོགས་གཙོ་གནད་མི་ཚོགས་འབུར་དུ་དོད་པ། ཁ་གསབ་རང་བཞིན་གྱི་ལས་རིགས་རྩལ་ནུས་གསོ་སྦྱོང་ཤུགས་ཆེན་པོས་སྤེལ་བ། རིམ་རྩིས་ལྟར་ན་ལས་བསྡུ་བྱེད་སྒོ་ཐེངས166སྤེལ་བ། ལས་བཟོ་པ་བཀོལ་བའི་ལས་གནས་ཆ་འཕྲིན་ཁྲི15.4ལྷག་སྤེལ། དཔྱིད་དུས་ཞིང་པའི་ལས་བཟོ་པར་དྲོད་ཁོལ་སྐྱེལ་བའི་ཞབས་ཞུ་འགུལ་སྐྱོད་ཤུགས་ཆེན་པོས་སྤེལ་བ་དང་། རིམ་རྩིས་ལྟར་ན་ཞིང་པ་ལས་བཟོ་པ་ཁྲི17.3གོ་རིམ་ལྡན་པའི་ངང་ལས་གནས་སུ་ལོག་པ་དང་ཕྱིར་སྐྱོད་ལས་གཉེར་ལ་རྩ་འཛུགས་སྣེ་ཁྲིད་བྱས། སྣེ་ལ་སྣེ་སྦྲེལ་བའི་གཅིག་སྡུད་ངལ་རྩོལ་ཕྱིར་གཏོང་རྩ་འཛུགས་བྱས་པ་དང་། ཞིང་པའི་ལས་བཟོ་པ་ཁྲི4.8རྩ་འཛུགས་ཡོད་པའི་སྒོ་ནས་ཕྱིར་སྐྱོད་ལས་གཉེར་ལ་རོགས་རམ་བྱས། ། 

རྩོམ་སྒྲིག་པ། : གསང་བདག་རྒྱལ།