ཀྲུང་གོ་བོད་ཀྱི་དྲ་བ།

ཁྲེན་ཀང་གིས་ཏང་དང་མང་ཚོགས་བར་ཀྱི་གསེར་ཟམ་ལྟ་བུའི་ནུས་པ་སྔར་ལས་ལེགས་པར་འདོན་དགོས་པར་བསྟན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2023-03-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས28ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུ་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཁྲེན་ཀང་གིས་མང་ཚོགས་ཚོགས་པའི་ལས་དོན་ལ་རྟོག་ཞིབ་གནང་བར་མ་ཟད་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མང་ཚོགས་ཚོགས་པའི་ལས་དོན་སྐོར་གྱི་རྣམ་དཔྱད་གལ་ཆེན་ལ་སློབ་སྦྱོང་ལག་བསྟར་ཟབ་མོ་བྱེད་པ་དང་། དུས་རབས་གསར་པའི་མང་ཚོགས་ཚོགས་པའི་ལས་དོན་ལ་འཕྲད་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པ་ཐག་གཅོད་ལེགས་པོ་བྱེད་པ། ཆབ་སྲིད་རང་བཞིན་དང་སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་ངེས་པ་དོན་གྱིས་ཇེ་དྲག་ཏུ་བཏང་ནས། ཏང་དང་མང་ཚོགས་བར་གྱི་གསེར་ཟམ་ལྟ་བུའི་ནུས་པ་ལེགས་པར་འདོན་དགོས་ཞེས་ནན་གྱིས་བསྟན། 

བཞུགས་མོལ་ཚོགས་འདུའི་ཐོག ཁྲེན་ཀང་གིས་ཞིང་ཆེན་སྤྱིའི་བཟོ་ཚོགས་དང་གུང་གཞོན་ཚོགས་པའི་ཞིང་ཆེན་ཨུ་ལྷན། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས། ཞིང་ཆེན་ཚན་རྩལ་ལྷན་ཚོགས། ཞིང་ཆེན་དབང་པོ་སྐྱོན་ཅན་ལྷན་ཚོགས། ཞིང་ཆེན་རྒྱ་གྲམ་དམར་པོའི་ལྷན་ཚོགས་སོགས་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་བྱ་བའི་སྙན་ཞུ་ལ་ཐུགས་ཞིབ་མོས་གསན་པ་དང་། ཞིང་ཆེན་ཡོངས་ཀྱི་མང་ཚོགས་ཚོགས་པའི་ལས་དོན་ལ་ཁས་ལེན་གང་ལེགས་མཛད་ནས། རིམ་པ་སོ་སོའི་མང་ཚོགས་ཚོགས་པའི་རྩ་འཛུགས་དང་མང་ཚོགས་ཚོགས་པའི་ལས་དོན་པ་བཅས་ལ་བླ་ན་མེད་པའི་གུས་འདུད་ཞུས། ཁོང་གིས་བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ཐོག་མུ་མཐུད་དུ་ཤུགས་འདོན་པ་དང་། ཆབ་སྲིད་རང་བཞིན་ལ་ངོས་འཛིན་ཟབ་མོ་བྱེད་རྒྱུ་ནི་རང་རྒྱལ་གྱི་མང་ཚོགས་ཚོགས་པའི་རྩ་འཛུགས་དེ་སྤྱིར་བཏང་གི་སྤྱི་ཚོགས་རྩ་འཛུགས་དང་མི་འདྲ་བའི་རྩ་བའི་ཁྱད་པར་ཡིན་ལ། མང་ཚོགས་ཚོགས་པའི་ལས་དོན་སྒྲུབ་པ་ལེགས་མི་ལེགས་ཤན་འབྱེད་པའི་རྩ་བའི་ཚད་གཞི་ཡང་ཡིན་པས། ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་མང་ཚོགས་ལ་དྲག་ཆས་སྤྲས་ནས། ཏང་གིས་སྲིད་སྐྱོང་བའི་མང་ཚོགས་ཀྱི་རྨང་གཞི་སྲ་བརྟན་དང་རྒྱ་སྐྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་འདི་མཐའ་གཅིག་ཏུ་ལག་ལེན་དུ་འདེབས་དགོས། ལྟེ་བ་དང་ཆེ་ཕྱོགས་ལ་ཞབས་ཞུ་སྒྲུབ་པའི་ཐོག་མུ་མཐུད་དུ་འབད་པ་བྱེད་པ་དང་། འཆར་འགོད་ལ་མཁས་པ་དང་ངེས་གནས་ཡང་དག་པར་འཚོལ་བ། རང་སོ་སོའི་དགེ་མཚན་འདོན་པ། རང་དང་འབྲེལ་བའི་མང་ཚོགས་སྐྱེ་ཁམས་དཔལ་ཡོན་གྱི“མཐོ་ས”དང་ཐོན་ལས་ཀྱི“གནས་བཞི”སྐྲུན་པའི་ལས་ལ་ཧུར་ཐག་གིས་ཞུགས་པར་མཐུན་སྒྲིལ་ཆེན་པོས་སྐུལ་སློང་བྱེད་པ། ཕྱོགས་སོ་སོའི་བསམ་འཆར་མི་མཐུན་པ་ཉན་པར་མཉམ་འཇོག་པ། དུས་ལྟར་སྤྱི་ཚོགས་གནས་ཚུལ་དང་དམངས་ཀྱི་འདུན་པ་ཡར་ཞུ་བྱས་ནས། ཉེན་ཁ་འགོག་ཟོན་དང་བདེ་འཇགས་སྲུང་བ། བརྟན་ལྷིང་སྲུང་སྐྱོང་། འཕེལ་རྒྱས་ལ་སྐུལ་བ་བཅས་ཀྱི་ཆེད་དུ་བློ་གྲོས་སྐྱེས་སུ་འབུལ་དགོས། མང་ཚོགས་དང་འབྲེལ་བ་འཛུགས་པའི་ཐོག་ཤུགས་སྣོན་པ་དང་། རྩ་འཛུགས་འཛུགས་པ་དང་གཡུལ་ས་སྐྲུན་པ། ཞབས་ཞུ་མ་ལག་འཛུགས་པ་སོགས་བརྒྱུད་ནས། མང་ཚོགས་ལ་འབྲེལ་བ་འཛུགས་པའི་གསེར་ཟམ་འཛུགས་པ། བྱ་བའི་ལྟེ་བ་གཞི་རིམ་གྱི་ཡུལ་དངོས་དང་པོར་འཇོག་པ་དང་། བརྟག་དཔྱད་ཞིབ་འཇུག་ལ་ཉེ་བར་བརྟེན་པ། ཡིག་ཆའི་རི་རབ་དང་ཚོགས་འདུའི་རྒྱུ་མཚོ་དང་བྲལ་བ་དང་ར་སྐོར་ཆེན་པོ་དང་ཐོག་ཁང་མཐོན་པོར་དང་བྲལ་ནས། གཞི་རིམ་དང་ལས་བཟོ་མང་ཚོགས་དང་འབྲེལ་བ་ཟབ་མོ་སྒོས། ནུས་པ་འདེགས་པ་དང་ཞབས་ཞུ་ལེགས་སྒྱུར། ཆུ་ཚད་མཐོར་འདེགས་བཅས་བྱེད་དགོས། བཅོས་སྒྱུར་ཟབ་སྤེལ་དང་རང་ངོས་འཛུགས་སྐྱོང་ཇེ་དྲག་ཏུ་གཏོང་བའི་ཐོག་མུ་མཐུད་དུ་ཤུགས་སྣོན་པ་དང་། “གཤིས་གསུམ”འཕེལ་བ་དང“ཅན་བཞི”སེལ་བའི་བླང་བྱ་གལ་ཆེན་ཁོང་དུ་དམ་པོར་ཆུད་པ། རང་སོ་སོའི་སྒྲིག་ཡིག་བསྲུངས་ཤིང་བྱ་བ་ནན་ཏན་བསྒྲུབས་ཏེ། མང་ཚོགས་ཚོགས་པའི་རྩ་འཛུགས་འཛུགས་སྐྱོང་སྔར་ལས་སྟོབས་དང་ལྡན་པར་བྱེད་དགོས། མང་ཚོགས་ཚོགས་པའི་ལས་བྱེད་པས་རང་ཉིད་ནི་ཏང་གི་ལས་བྱེད་པ་ཡིན་པ་ཡིད་ལ་དམ་པོ་འཛིན་པ་དང་། ཕྱོགས་ཡོངས་ནས་ཏང་ནན་མོས་སྐྱོང་བ་དང་རང་རྟོགས་སྒོས་ཚད་བསྡུར་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མང་ཚོགས་ལ་ཞབས་ཞུ་སྒྲུབ་པ། ཉེན་ཁ་འགོག་ཟོན་ཐག་གཅོད་བྱེད་པའི་ནུས་པ་ཆེར་སྐྱེད་པར་དམིགས་དགོས་ཞེས་ནན་གྱིས་བསྟན། 

མ་ཅི་ཞའོ་ཡིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་བྱས་པ་དང་། ཀྲུའུ་ཞང་ཧྥིན་དང་ཁོང་ཡུང་མཉམ་ཞུགས་བྱས། ། 

རྩོམ་སྒྲིག་པ། : གསང་བདག་རྒྱལ།