ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་མ་ལག་གི་དཔའ་བོ་དཔེ་ལེགས་ཅན་དང་བྱས་རྗེས་བཞག་པའི་ཐུན་མོང་གི་གཟེངས་བསྟོད་ཚོགས་ཆེན་ཟི་ལིང་དུ་བསྡུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2023-03-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས22ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་མ་ལག་གི་དཔའ་བོ་དཔེ་ལེགས་ཅན་དང་བྱས་རྗེས་བཞག་པའི་ཐུན་མོང་གི་གཟེངས་བསྟོད་ཚོགས་ཆེན་ཟི་ལིང་དུ་བསྡུས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཁྲེན་ཀང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་གཟེངས་བསྟོད་ཐོབ་པའི་ཐུན་མོང་དང་མི་སྒེར་ལ་སྤྲོ་སེམས་འཁོལ་བའི་ངང་ནས་རྟེན་འབྲེལ་ཞུས་པ་དང་། དུས་ཡུན་རིང་བོར་ཆབ་སྲིད་བདེ་འཇགས་ལ་སྲུང་སྐྱོབ་དང་སྤྱི་ཚོགས་བརྟན་བརླིང་ལ་སྲུང་སྐྱོང་བྱེད་པའི་ལས་ཡུལ་དང་པོའི་རྒྱ་ཆེའི་སྤྱི་བདེ་མི་དམངས་ཉེན་རྟོག་པ་དང་ཉེན་རྟོག་ལས་རོགས་པར་ལྷག་བསམ་རྣམ་དག་གིས་འཚམས་འདྲི་བྱས་ཏེ། ཚང་མས་སྔར་ལས་ཆེ་བའི་འགན་འཁྲི་ཁག་ཁུར་དང་ལོ་རྒྱུས་རང་འགུལ་སྙིང་སྟོབས་ཀྱིས་སྐྱོད་ལམ་གསར་བར་འབད་པས་བསྐྱོད་དེ། དུས་རབས་གསར་བའི་མི་དམངས་ཉེན་རྟོག་པའི་གཟི་བརྗིད་ཆེན་པོ་བརྩོན་ལེན་བྱེད་དགོས་པར་སྐུལ་ལྕག་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཚོགས་ཆེན་ལ་མགོ་འཛིན་གནང་།

ཚོགས་ཆེན་སྟེང་ཞིང་ཆེན་ཆེས་མཐོའི་མི་དམངས་ཉེན་རྟོག་པ་ཕུལ་བྱུང5དང་། ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱི་དཔེ་ལེགས་ཐུན་མོང10། ཞིང་ཆེན་གྱི་མི་དམངས་ཉེན་རྟོག་པ་ཕུལ་བྱུང48། ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱི་གཞི་རིམ་གྱི་སྡེ་ཁག་ཕུལ་བྱུང20བཅས་ལ་གཟེངས་བསྟོད་བྱས། ཞིང་ཆེན་ཆེས་མཐོའི་མི་དམངས་ཉེན་རྟོག་པ་ཕུལ་བྱུང་གི་འཐུས་མི་ཅི་ཀུའེ་དབྱང་དང་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱི་དཔེ་ལེགས་ཐུན་མོང་གི་འཐུས་མི་ཀྲའོ་ཀྲན་མིང་གིས་གཏམ་བཤད། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ལིན་ཧུའུ་ཡིས་གཟེངས་བསྟོད་ཆོད་དོན་སྒྲོག་འདོན་བྱས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་དྲུང་ཡིག་ཆེན་མོ་ཀྲུའུ་ཞང་ཧྥིང་། ཧྲིན་ཀྲང་གཞོན་པ་དང་ཞིང་ཆེན་སྤྱི་བདེ་ཐིང་གི་ཐིང་ཀྲང་ལི་ཧོང་ཡ་གྲོས་ཚོགས་ལ་ཞུགས། ཚོགས་ཞུགས་མགོ་ཁྲིད་ཀྱིས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་ཐུན་མོང་དང་མི་སྒེར་ལ་བྱ་དགའ་གནང་།

ཁྲེན་ཀང་གིས་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་སྤྱི་བདེ་སྟོབས་ཤུགས་ཀྱིས་སྤྱི་ཚོགས་བདེ་འཇགས་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཁྲོད་དུ་རྨང་གཞི་རང་བཞིན་དང་གནད་འགག་རང་བཞིན་གྱི་ནུས་པ་བཏོན་པར་ངོས་འཛིན་གསལ་བོ་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་བརྟན་འཇགས་སྲུང་སྐྱོབ་བྱ་བ་བཟང་བོར་སྒྲུབ་པ་དང་། སྤྱི་ཚོགས་བདེ་འཇགས་བྱ་བར་ཤུགས་སྣོན་དགོས། གཟེངས་བསྟོད་ཐོབ་པའི་དཔའ་བོ་དཔེ་ལེགས་ཅན་དང་བྱས་རྗེས་བཞག་པའི་ཐུན་མོང་གིས་བླ་མེད་གཟི་བརྗིད་མཚན་སྙན་ལ་གཅེས་སྤྲས་བྱེད་པ་དང་། ནམ་ཡང་གྲུབ་འབྲས་ཆེན་པོ་གསར་སྐྲུན་བྱས་ནས་ཏང་དང་མི་དམངས་ལ་བྱས་རྗེས་གསར་པ་འཇོག་དགོས། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་མ་ལག་གིས་དཔའ་བོ་དཔེ་ལེགས་ཅན་དང་བྱས་རྗེས་བཞག་པའི་ཐུན་མོང་མིག་དཔེ་བྱས་ཏེ། ཤུགས་ཆེན་པོས་སྤྱི་བདེ་དཔའ་བོ་དཔེ་ལེགས་ཅན་གྱི་བྱས་རྗེས་དྲིལ་སྒྲོག་བཟང་བོ་བྱེད་པ་དང་། སྤྱི་བདེ་དཔའ་བོ་དཔེ་ལེགས་ཅན་གྱི་སྙིང་སྟོབས་དར་སྤེལ་བྱེད་པ། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྤྱི་བདེ་ལས་ཁུངས་ཀྱི་འགན་འཁྲི་དང་ལས་འགན་ལག་བསྟར་ནན་མོ་བྱས་ནས། དཀའ་སྤྱད་འབད་འཐབ་སྒོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་བར་སྤྱི་བདེ་ལས་ཁུངས་ཀྱིས་སྟོབས་ཤུགས་འདོན་དགོས་པའི་རེ་བ་བཏོན།

ཝུའུ་ཞའོ་ཅུན་གྱིས་ཚོགས་ཆེན་ལ་མགོ་འཛིན་གནང་སྐབས་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་མ་ལག་དང་རྒྱ་ཆེའི་སྤྱི་བདེ་མི་དམངས་ཉེན་རྟོག་པ་དང་ཉེན་རྟོག་ལས་རོགས་པས་བློ་རྩ་བརྟན་པོས་གཏན་ཕབ་གཉིས་ལ་གོང་བཀུར་བྱེད་པ་དང་། བློ་ཐག་རྦད་ཆོད་སྒོས་སྲུང་སྐྱོང་གཉིས་ལེགས་པོར་སྒྲུབ་དགོས་ལ། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་མཉམ་བསྲེས་གང་ལེགས་བྱེད་པ་དང་། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་འགལ་ཉེས་ཅན་ལ་རྡུང་རྡེག་ནན་མོ་བྱེད་པའི་གཙོ་ཤུགས་དམག་དཔུང་གི་ནུས་པ་འདོན་སྤེལ་བཟང་བོ་བྱེད་དགོས། སྔོན་ཐོན་འཐུས་མིས་ཏང་ལ་བློ་དཀར་བ་དང་ཆོད་སེམས་བརྟན་པོའི་ཆབ་སྲིད་སྤྱོད་ལམ་དང་། རང་གི་འགན་འཁྲི་ལ་རྐང་འཛུགས་པ་དང་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ཁྱོན་ཡོངས་ཀྱི་འདུ་ཤེས། མང་ཚོགས་དང་འབྲེལ་འདྲིས་བྱེད་པ་དང་དམངས་ལ་གཅེས་སྐྱོང་བྱེད་པའི་སྤྱི་ཞབས་པའི་བརྩེ་སེམས། ལས་གནས་ལ་དགའ་ཞིང་བྱ་བར་སྒེར་སེམས་མེད་པར་བྱས་རྗེས་འཇོག་ཕོད་པའི་སྙིང་སྟོབས་བཅས་ལ་སློབ་སྦྱོང་བྱས་ཏེ། སྤུས་ཚད་སྔར་ལས་མཐོ་བའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་ཁྲོད་དུ་སྤོབས་པ་ཆེན་པོས་སྔོན་ཐོན་བརྩོན་ལེན་བྱེད་པར་སྐུལ་འདེད་གཏོང་དགོས། ཁྲིམས་སྐྱོང་ནུས་པའི་འཛུགས་སྐྲུན་དང་ཏང་ལ་དོ་དམ་དང་ཉེན་རྟོག་པར་བཅོས་སྐྱོང་ནན་མོ་བྱེད་པ་ཟུང་འབྲེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཡུལ་དངོས་སྦྱོང་བརྡར་དང་ལག་ལེན་དངོས་ལས་སྦྱོང་བརྡར་བྱེད་པ་ཟུང་འབྲེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ། མཐུན་སྒྲིལ་འབད་འཐབ་དང་འཐབ་རྩོད་ནུས་པ་ཇེ་མཐོར་གཏོང་བ་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། བྱ་བའི་ལག་ལེན་ཁྲོད་དུ་ཉམས་མྱོང་བསགས་དགོས་པ་དང་། དོན་དངོས་ཀྱི་བྱ་སྤྱོད་ལ་བརྟེན་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་རོགས་འདེགས་བྱེད་དགོས་པར་བསྟན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།