ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱིས་གནས་སྐབས་རང་བཞིན་གྱི་རོགས་སྐྱོབ་སྲིད་ཇུས་ཇེ་ལེགས་སུ་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2023-03-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ3པའི་ཚེས13ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་ནས་རྒྱུས་ལོན་པ་ལྟར་ན།    མཚོ་སྔོན་ཞིང་ཆེན་གྱིས་སྔར་ལས་ལྷག་པར་གནས་སྐབས་རང་བཞིན་གྱི་རོགས་སྐྱོབ་ལས་དོན་ཚད་ལྡན་དུ་བཏང་སྟེ། རིམ་པ་བཀར་ནས་རོགས་སྐྱོབ་བྱེད་པ་དང་།    ཕན་ནུས་ཆེ་བའི་རོགས་སྐྱོབ།    དྲོད་འཁོལ་རོགས་སྐྱོབ་བཅས་ཀྱི་ཐབས་ལམ་གསར་པ་ཇེ་ལེགས་སུ་བཏང་བ་བརྒྱུད། གནས་སྐབས་རང་བཞིན་གྱི་རོགས་སྐྱོབ་ལས་དོན་གནད་ཁེལ་ཅན་དང་ཞིབ་ཕྲ་ཅན་བཅས་སུ་གཏོང་བར་སྐུལ་འདེད་བྱས། 

སྲིད་ཇུས་གསར་པ་ལྟར་ན།    མཚོ་སྔོན་ཞིང་ཆེན་གྱིས་གནས་སྐབས་རང་བཞིན་གྱི་རོགས་སྐྱོབ་གྲངས་ཚད་གཏན་འཁེལ་བྱེད་སྟངས་ལེགས་སྒྲིག་བྱས་ཏེ། དེ་སྔ་སྤྱི་འགྲོས་ལྟར་རྩིས་བརྒྱབ་ནས་རོགས་སྐྱོབ་ཀྱི་གྲངས་ཚད་གཏན་འཁེལ་བྱེད་པའི་བྱེད་ཐབས་དེ་གཏོང་སྒོའི་རིགས་ཀྱི་རོགས་སྐྱོབ་བྱ་ཡུལ་དང་། བྲེལ་མྱུར་རྣམ་པའི་རོགས་སྐྱོབ་བྱ་ཡུལ་གྱི་ཚད་གཞི་རིགས་གཉིས་སུ་ལེགས་སྒྲིག་བྱས་ཐོག   གཏོང་སྒོའི་རིགས་དང་བྲེལ་མྱུར་ཆེ་བའི་རིགས་ཀྱི་རོགས་སྐྱོབ་བྱ་ཡུལ་གྱི་རིགས་ཞིབ་ཚགས་སུ་བཏང་བ་མ་ཟད།    རིམ་པ་བཀར་ནས་རོགས་སྐྱོབ་བྱེད་པའི་ཚད་གཞི་རིགས་བཀར་བ་དང་།     དྭ་ཕྲུག་དང་ཨེ་ཙེའི་ནད་ཀྱི་བྱིས་པ།    དོན་དངོས་སྟེང་གསོ་སྐྱོང་བྱེད་མཁན་མེད་པའི་བྱིས་པ་སོགས་གྲོང་གསེབ་དར་སྤེལ་སྡེ་ཁག་གིས་ངོས་འཛིན་གཏན་འཁེལ་བྱས་པའི་གཏོང་སྒོའི་རྣམ་པ་ཅན་གྱི་རོགས་སྐྱོབ་བྱ་ཡུལ་ཇེ་མང་དུ་བཏང་སྟེ། རོགས་སྐྱོབ་བྱ་ཡུལ་རྒྱུན་ཆད་མེད་པར་རྒྱ་ཇེ་ཆེ་རུ་གཏོང་བ་དང་མ་མཐའི་འགན་སྲུང་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུ་རེད། 

དུས་མཚུངས་སུ་དཀའ་ཁག་ཡོད་པའི་མང་ཚོགས་རིགས་མི་འདྲ་བའི་དགོས་མཁོ་དངོས་ལ་དམིགས་ཏེ། ས་གནས་སོ་སོས་རིགས་དང་རྣམ་པ་མང་པའི་རོགས་སྐྱོབ་བྱ་ཐབས་སྤྱད་དེ། གནས་སྐབས་རང་བཞིན་གྱི་རོགས་སྐྱོབ་དང་གཞི་རྩའི་འཚོ་བའི་རོགས་སྐྱོབ།    ཆེད་དོན་རོགས་སྐྱོབ།    དགེ་སྒྲུབ་རོགས་སྐྱོར་སོགས་འབྲེལ་མཐུད་དམ་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་།      སྲིད་གཞུང་གིས་རོགས་སྐྱོབ་བྱས་རྗེས་ད་དུང་གཞི་རྩའི་འཚོ་བར་སྔར་བཞིན་དཀའ་ཁག་ཡོད་ཚེ། དུས་ཐོག་ཏུ་སྤྱི་ཕན་ཐེབས་རྩ་ཚོགས་པ་དང་སྤྱི་ཚོགས་ལས་དོན་ཞབས་ཞུའི་སྒྲིག་གཞི་ལ་ངོ་སྤྲོད་བྱས་ནས་རོགས་སྐྱོར་བྱེད་དགོས།  གློ་བུར་དུ་ཐོན་པའི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ནམ་ཡང་ན་རང་བྱུང་གནོད་འཚེ་སོགས་ཀྱི་གནས་ཚུལ་གྱིས་གཞི་རྩའི་འཚོ་བར་དཀའ་ཁག་ཡོད་པའི་མང་ཚོགས་ལ“དངོས་པོ་དང་མ་དངུལ་ཟུང་དུ་འབྲེལ་བའི”རྣམ་པའི་སྟེང་རོགས་སྐྱོབ་བྱས་ཏེ་འཚོ་བའི་དཀའ་ཁག་སེལ་རོགས་བྱེད་པ་ལས་གཞན།   ཆ་རྐྱེན་འཛོམས་པའི་ས་གནས་ཀྱིས་ཞབས་ཞུ་ཉོ་སྒྲུབ་བྱེད་ཐབས་ལ་བརྟེན་ནས། དགོས་མཁོ་ཡོད་པའི་དཀའ་ཁག་མང་ཚོགས་ལ་དུས་ཐོག་ཏུ་གནས་སྐབས་རང་བཞིན་གྱི་བདག་སྐྱོང་དང་སེམས་གསོ་བྱེད་པ་སོགས་རོགས་སྐྱོབ་ཞབས་ཞུ་འདོན་སྤྲོད་བྱས་ནས་རྒྱུན་ཆད་མེད་པར་དཀའ་ཁག་ཡོད་པའི་མང་ཚོགས་ཀྱི་དགོས་མཁོ་སྣ་ཚོགས་སྐོང་བར་སྐུལ་འདེད་བྱ་རྒྱུ་རེད།   །  

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།