ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱི་ནགས་རྩྭའི་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་རྣམ་གྲངས་གཉིས་ཀྲུང་དབྱང་ནོར་སྲིད་ཀྱི་རྒྱལ་ཁབ་ས་ཆ་ལྗང་འགྱུར་ཚོད་ལྟའི་དཔེ་སྟོན་རྣམ་གྲངས་ནང་ཚུད་པ།

ཡོང་ཁུངས། : མཚོ་སྔོན་ཉིན་རེའི་ཚགས་པར།   རྩོམ་པ་པོ། : ཕག་གྲུ་ཡིས་བསྒྱུར།   སྤེལ་དུས། : 2023-03-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས2ཉིན་ནས་ཚེས6ཉིན་བར། རྒྱལ་ཁབ་ནགས་ཚལ་རྩྭ་ཐང་ཅུའུ་ཡི་དྲ་ཚིགས་ཐོག་སྤྱི་བསྒྲགས་བྱས་པ་བརྒྱུད། མཚོ་སྔོན་ཞིང་ཆེན་རྨ་ཆུའི་སྟོད་རྒྱུད་ཀྱི་རིམ་པ་དང་པོའི་ཡན་ལག་ཆུ་བོ་ཙོང་ཆུའི་འབབ་རྒྱུད་ཀྱི་ཟི་ལིང་དུམ་མཚམས་དང་། མཚོ་བོད་ས་མཐོའི་སྐྱེ་ཁམས་ཡོལ་སྲུང་ཁུལ་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆུའི་ཆུ་མགོའི་ཞན་འགྱུར་ནགས་ཚལ་དང་རྩྭ་ཐང་ཉམས་གསོའི་བཅོས་སྐྱོང་རྣམ་གྲངས་གཉིས་དུས་མཉམ་དུ2023ལོའི་རྒྱལ་ཡོངས་ཀྱི་ཁག་གསུམ་པའི་ཀྲུང་དབྱང་ནོར་སྲིད་ཀྱི་རྒྱལ་ཁབ་ས་ཆ་ལྗང་འགྱུར་ཚོད་ལྟའི་དཔེ་སྟོན་རྣམ་གྲངས་ནང་ཚུད་པ་དང་། དེ་ནི་མཚོ་སྔོན་ཞིང་ཆེན་གྱིས་ལོ་གསུམ་རིང་བསྟུད་མར་རྒྱལ་ཁབ་ས་ཆ་ལྗང་འགྱུར་ཚོད་ལྟའི་དཔེ་སྟོན་རྣམ་གྲངས་ནང་རེ་ཞུ་བྱས་པར་གྲུབ་འབྲས་ཐོབ་པ་ཞིག་རེད། 

མཚོ་སྔོན་ཞིང་ཆེན་རྨ་ཆུའི་སྟོད་རྒྱུད་ཀྱི་རིམ་པ་དང་པོའི་ཡན་ལག་ཆུ་བོ་ཙོང་ཆུ་འབབ་རྒྱུད་ཀྱི་ཟི་ལིང་དུམ་མཚམས་ཀྱི་དཔེ་སྟོན་རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར3བཏང་བ་དང་ནགས་རྩྭའི་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་རྒྱ་ཁྱོན་སྤྱི་ཆིང་ཁྲི1.49ཟིན་ནས་ས་ཁོངས་ཀྱི་སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་བརྟན་ལྷིང་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་ལ་སྲུང་སྐྱོང་ཐུབ་རྒྱུ་དང་ཙོང་ཆུའི་འབབ་རྒྱུད་དང་དེ་བཞིན་རྨ་ཆུའི་དབུས་རྒྱུད་དང་སྨད་རྒྱུད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དཔེ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་ཡོལ་ཁུལ་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་གྱི་རྨ་ཆུའི་ཆུ་འགོའི་ཞན་འགྱུར་ནགས་ཚལ་དང་རྩྭ་ཐང་ཉམས་གསོའི་བཅོས་སྐྱོང་རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར3བཏང་བ་དང་། ནགས་རྩྭའི་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་རྒྱ་ཁྱོན་སྤྱི་ཆིང་ཁྲི2.49ཟིན་པ་དེ་ནི་གཙང་གསུམ་ཆུ་འགོའི་ས་ཁུལ་གྱི་ནགས་རྩྭའི་སྐྱེ་ཁམས་མ་ལག་གི་ཆུ་མགོ་དང་དེ་བཞིན་ཐཱན་བསྡུ་ནུས་པ་ཆེ་རུ་བཏང་ནས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་རེད། 

ད་ཐེངས་ཀྱི་རྣམ་གྲངས་རེ་ཞུའི་ལས་དོན་ནང་ཞིང་ཆེན་ནགས་ཚལ་དང་རྩྭ་ཐང་ཅུའུ་ཡིས་སྐྱེ་ཁམས་ཀྱི་དགོས་མཁོ་དང་ས་བབ་ཀྱི་ལེགས་ཆ། ཐོན་ཁུངས་ཀྱི་ཁྱད་ཆོས། རྨང་གཞིའི་སྒྲིག་བཀོད། ཐོན་སྐྱེད་གཉེར་སྐྱོང་བྱ་ཐབས། དོ་དམ་འདུ་ཤེས། དཔེ་སྟོན་ཕན་འབྲས་སོགས་ཀྱི་ཐད་དབྱེ་ཞིབ་གཏིང་ཟབ་བྱས་ནས་རྣམ་གྲངས་ལག་བསྟར་བྱ་ཡུལ་གཙོ་གནད་ས་ཁོངས་ཁ་གསལ་བཟོས་ཡོད་པ་རེད། དེ་དང་ཆབས་ཅིག་ཞིང་ཆེན་ནོར་སྲིད་ཐིང་དང་མཉམ་དུ་ཟི་ལིང་གྲོང་ཁྱེར་སྲིད་གཞུང་དང་མགོ་ལོག་ཁུལ་སྲིད་གཞུང་གིས་སྒྲིག་བཟོ་བྱས་པའི་རྣམ་གྲངས་ལག་བསྟར་ཇུས་གཞིར་ཞིབ་དཔྱད་བྱས་ནས་རང་འགུལ་ངང་འབྲེལ་ཡོད་ཚན་པ་དང་སྡེ་ཚན་དང་མཐུན་སྦྱོར་བྱས་ཏེ་རྣམ་གྲངས་གོང་ཞུ་བྱེད་པ་དང་མ་ལག་ཐོག་ནས་མཛོད་བཅུག་དོ་དམ་བྱེད་པ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་གྲུབ་འབྲས་ཐོབ་པའི་ངང་རྒྱལ་ཁབ་ས་ཆ་ལྗང་འགྱུར་ཚོད་ལྟའི་དཔེ་སྟོན་རྣམ་གྲངས་འདུན་ཞུ་བྱ་རྒྱུར་རྨང་གཞི་བཏིང་ཡོད་པ་རེད། གཞན་ཡང་ས་ནག་གྲམ་ཐང་ཞན་འགྱུར་བཅོས་སྐྱོང་གི་ལས་དོན་ནུས་ལྡན་ངང་ཡག་པོ་སྒྲུབ་ཆེད། ཞིང་ཆེན་ནགས་ཚལ་རྩྭ་ཐང་ཅུའུ་ཡིས་དེ་སྔའི་ས་ནག་གྲམ་ཐང་བཅོས་སྐྱོང་གི་ཉམས་མྱོང་ཕྱོགས་སྡོམ་བྱེད་པའི་རྨང་གཞིའི་ཐོག་ས་ནག་གྲམ་ཐང་དེ་རྒྱལ་ཁབ་ས་ཆ་ལྗང་འགྱུར་གྱི་གཙོ་གནད་དུ་བརྩིས་ནས་རྒྱལ་ཁབ་ནགས་ཚལ་ཐོན་ལས་ཁང་ལ《མགོ་ལོག་ཁུལ་རྨ་ཆུའི་ཆུ་མགོའི་སྐྱེ་ཁམས་ཉམས་གསོའི་ཕྱོགས་བསྡུས་བཅོས་སྐྱོང་གི2023ལོའི་རྒྱལ་ཁབ་ས་ཆ་ལྗང་འགྱུར་ཚོད་ལྟའི་རྣམ་གྲངས་ཀྱི་ལག་བསྟར་ཇུས་གཞི》བཟོ་རྒྱུའི་མངགས་བཅོལ་བྱས་པ་རེད། །

རྩོམ་སྒྲིག་པ། : ཕག་གྲུབ།