ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱ་བསྐྱེད་གྲོས་ཚོགས་བསྡུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2023-03-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས16ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲེན་ཀང་གིས་མགོ་འཛིན་གནང་སྟེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱ་བསྐྱེད་གྲོས་ཚོགས་བསྡུས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྐབས་སུ་གནང་བའི་གསུང་བཤད་གལ་ཆེན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་པ་དང་། སློབ་སྦྱོང་ཁྲོད་ནས་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ་དང་། ཇུས་འགོད་ཁྲོད་ནས་ཁ་ཕྱོགས་ཡང་དག་པར་འཚོལ་བ། ལག་བསྟར་ཁྲོད་ཕན་འབྲས་དངོས་ཐོབ་པར་བྱས་ནས། ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློ་དང་འགུལ་སྐྱོད་ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་སྟེང་གཅིག་གྱུར་ཡོང་བར་བྱེད་དགོས་པ་དང་། སེམས་ཤུགས་གཅིག་སྒྲིལ་གྱིས་ད་ལོའི་དམིགས་འབེན་ལས་འགན་སོ་སོ་ལེགས་འགྲུབ་བྱེད་དགོས་པར་བསྟན།

གྲོས་ཚོགས་ལས་ཐེངས་འདིའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དུས་གནད་གཙོ་བོ་ཡིན་པ་དང་ནང་དོན་ཕུན་སུམ་ཚོགས་པ། གྲུབ་འབྲས་གཡར་དུ་ཟ་བ་དང་ཚོགས་སྲོལ་གཟབ་ནན་ཡིན། དེ་ནི་དར་ཆ་མཐོར་སྒྲེང་དང་སྔ་འཛིན་ཕྱི་གཏོད། སེམས་ཤུགས་གཅིག་སྒྲིལ། མཐུན་སྒྲིལ་འབད་འཐབ་ཀྱི་ཚོགས་ཆེན་ཞིག་ཡིན་ལ། ཏང་གི་མགོ་ཁྲིད་མངོན་པ་དང་། མི་དམངས་ཀྱི་འདོད་བློ་མཚོན་པ། དུས་རབས་གསར་བའི་ངོས་འཛིན་གཅིག་སྡུད། རྒྱལ་ཡོངས་ཀྱི་མི་དམངས་ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་ཀྱི་འོད་སྟོང་འབར་བའི་འབྱུང་འགྱུར་ལ་ཕྱོགས་ནས་དཔའ་ངར་ཆེན་པོས་མདུན་སྐྱོད་ལ་སྐུལ་སློང་བྱེད་པའི་ཚོགས་ཆེན་ཞིག་ཀྱང་ཡིན་པས། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་གལ་ཆེན་དུ་བརྩི་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཚོགས་ཆེན་གཉིས་སྐབས་སུ་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པ་གཉིས་ཟུང་འབྲེལ་བྱས་ནས། ཏན་ཏན་ཏིག་ཏིག་གིས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་བྱ་བའི་སྙན་ཞུ་སྣ་ཚོགས་སློབ་སྦྱོང་ནན་མོ་དང་རྒྱུས་ལོན་གསལ་བོ་བྱེད་པ་དང་། ལོ་འགོར་བསྡུས་པའི་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་དང་ཞིང་ཆེན་གྱི་ཚོགས་ཆེན་གཉིས་སྟེང་བཏོན་པའི་བཀོད་སྒྲིག་ལ་ཟུང་འབྲེལ་བྱས་ཏེ། གཏན་ཁེལ་བྱས་པའི་དམིགས་འབེན་ལས་འགན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་དགོས། ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་ལྟར། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། བརྟག་བཤེར་ཞིབ་འཇུག་ལ་ཤུགས་སྣོན་པ། གྲ་སྒྲིག་བྱ་བ་བཟང་བོར་བསྒྲུབ་པ། རང་ངོས་གསར་བརྗེའི་སྙིང་སྟོབས་ལ་བརྟེན་ནས་དཀའ་གནད་ཐག་གཅོད་པ་དང་ཞན་ཆ་ཁ་གསབ་བྱས་ཏེ། ཇི་མ་ཇི་བཞིན་དུ་རང་ཞིང་གི་ལས་ཁུངས་བཅོས་བསྒྱུར་ལས་འགན་ཡོངས་འགྲུབ་བྱེད་དགོས། བཟོ་བཅོས་བྱས་པའི་ཁྲིམས་འཛུགས་བཅའ་ཁྲིམས་ལག་བསྟར་བྱེད་པ་གོ་སྐབས་སུ་བརྩི་བ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པ་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པ་སོགས་ཀྱི་ཐད་མཁོ་བའི་བཅའ་ཁྲིམས་ལམ་ལུགས་ལ་གཅིག་འདོམས་དང་འཆར་འགོད་བྱས་ནས། ས་གནས་ཁྲིམས་འཛུགས་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། བློ་མཐུན་ཚའེ་ཆི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་རྒྱུས་ལོན་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། ཐོན་ལས་གནས་བཞི་འཛུགས་སྐྲུན། དམངས་འཚོ་ལེགས་བཅོས། མི་རིགས་མཐུན་སྒྲིལ། ཏང་གི་འཛུགས་སྐྲུན་སོགས་བྱ་བ་རྒྱུན་མཐུད་ངང་བཟང་བོར་བསྒྲུབ་དགོས་པར་བསྟན།

གྲོས་ཚོགས་ལས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་ན། གནད་འགག་ནི་མཚོ་སྔོན་གྱི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས། ཚོགས་ཆེན་སྟེང་བཀོད་པའི་གཏན་ཁེལ་ཆོད་དོན་དེ་བྱ་བར་འཆར་འགོད་བྱེད་པའི་བསམ་ཕྱོགས་དང་བྱ་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་སུ་བསྒྱུར་དགོས། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་འབྲེལ་མཐུད་བཟང་བོ་བྱེད་པ། བྱེད་ཐབས་ཇེ་བཟང་དུ་གཏོང་བ། སྐུལ་འདེད་ལ་གཅིག་འདོམས་བྱེད་པ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། དངོས་གཉེར་གྱི་སྤྱོད་ཚུལ་དར་སྤེལ་གཏོང་བ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་བའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུ་དགོས། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ལག་ལེན་ཁྲོད་འདྲེས་པར་བྱེད་པ་དང་། གྲོས་ཚོགས་ཀྱིས་གཏན་ཁེལ་བྱས་པའི་དམིགས་འབེན་དང་ལས་འགན། བྱེད་ཐབས་དང་ལྷག་པར་དུ་ལས་གཞི་གཙོ་བོ་དང་ཞིང་ཆེན་གྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་བཅས་ཕན་ཡོད་འབྲེལ་མཐུད་བྱེད་པ། དུས་སྐབས་བར་མའི་དཔྱད་འཇོག་བཟང་བོར་བསྒྲུབ་པ། འབྲེལ་ཡོད་དམིགས་ཚད་ལེགས་བསྒྱུར་བྱས་ནས། ལས་གཞིའི་འཆར་འགོད་འཐུས་ཚང་དུ་གཏོང་དགོས། ཚད་གཞིར་དམིགས་པ་དང་། ལས་འགན་བགོ་བཤའ་བྱེད་པ། བྱེ་བྲག་གི་བྱེད་ཐབས་འཐུས་ཚང་དུ་གཏོང་བ། དཀའ་ཁག་གནད་དོན་ཐག་གཅོད་པ། ལྟ་ཞིབ་ཞིབ་དཔྱད་ལ་ཤུགས་བསྣན་ནས། རེ་རེ་བཞིན་ལག་བསྟར་དམ་འཛིན་བྱེད་པ་དང་ཕན་འབྲས་བརྩོན་ལེན་བྱེད་དགོས། དུས་ཚོད་དང་དམིགས་འབེན། སྲིད་ཇུས་སྟེང་སྤྱི་འདོམས་ལ་ཤུགས་སྣོན་པ་དང་། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱིས་གཏན་ཁེལ་བྱས་པའི་དམིགས་འབེན་ལས་འགན་གཙིགས་སུ་འཛིན་པ། ཆེ་ཕྱོགས་སྲིད་ཇུས་དང་ཆུང་ཕྱོགས་བྱེད་ཐབས་གཉིས་ཟུང་འབྲེལ་དམ་པོ་བྱས་ཏེ། ད་ལོའི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་ལས་ཞིང་ཆེན་གོང་འོག་ཡོངས་སུ་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པའི་ཚ་རླབས་འཕྱུར་བར་བྱེད་པ་དང་། ཞིང་ཆེན་རིམ་པའི་མགོ་ཁྲིད་ཀྱིས་ཆེད་བསྐོས་ཁྱབ་ཁོངས་ལ་ཟུང་འབྲེལ་བྱས་ནས་རྣམ་པ་སྣ་མང་སྒོས་སྣེ་ཁྲིད་དེ་འགྲེལ་ཀློག་འགྲེལ་བཤད་བྱེད་པ། འཐུས་མི་དང་ཨུ་ཡོན་གྱིས་ཚོགས་ཞུགས་མྱོང་ཚོར་ལ་ཟུང་འབྲེལ་བྱས་ནས་གཞི་རིམ་དང་མང་ཚོགས་ཁྲོད་སོང་ནས་སྒྲོག་འགྲེལ་བྱེད་པ་དང་། རིམ་པ་སོ་སོའི་ཏང་ཨུའི་གཞུང་ལུགས་ལྟེ་གནས་ཚན་ཆུང་གིས་སློབ་སྦྱོང་གི་བཀོད་སྒྲིག་བྱེད་པ། རིགས་མི་འདྲ་བའི་གསར་འགྱུར་སྨྱན་བྱད་སྣ་ཚོགས་ཀྱིས་དྲིལ་སྒྲོག་བརྒྱུད་སྒྲོག་བྱེད་ཤུགས་ཆེར་གཏོང་བ་དང་། བམས་བློ་གཅིག་གྱུར་དང་ངོས་ཟིན་གཅིག་གྱུར། འགུལ་སྐྱོད་ལ་གཅིག་གྱུར་བྱས་ནས། སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱ་བ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།

ཚོགས་ཐོག་ནས་ད་དུང་བྱ་བ་གཞན་པར་ཞིབ་འཇུག་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།