ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱིས“3·15”རྒྱལ་སྤྱིའི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ཉིན་མོའི་དྲིལ་བསྒྲགས་བློ་འདྲི་ཞབས་ཞུའི་བྱ་འགུལ་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2023-03-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས15ཉིན།     མཚོ་སྔོན་ཞིང་ཆེན་གྱི་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་དང་མཚོ་སྔོན་ཞིང་ཆེན་འཛད་སྤྱོད་པའི་མཐུན་ཚོགས་གཉིས་ཀྱིས་ཁྲིམས་འཛིན་ལས་ཁུངས་དང་།    སྲིད་འཛིན་སྡེ་ཁག   ལས་རིགས་མཐུན་ཚོགས་བཅས་སྡེ་ཁག27།    ཁེ་ལས40ལྷག་དང་ཞིང་ཆེན་རིམ་པའི་གསར་འགྱུར་སྨྱན་སྦྱོར་བཅས་ལ་མཉམ་འབྲེལ་བྱས་ཏེ།     ཟི་ལིང་གྲོང་ཁྱེར་དཀྱིལ་སྙིང་ཐང་ཆེན་དུ་རྒྱལ་སྤྱིའི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ཉིན་མོ་ཐེངས41པར་མཉམ་གཅིག་ཏུ་དྲན་གསོ་ཞུས་པ་མ་ཟད། “3·15”རྒྱལ་སྤྱིའི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ཉིན་མོར་ཡུལ་དངོས་སུ་དྲིལ་བསྒྲགས་བློ་འདྲིའི་ཞབས་ཞུའི་བྱ་འགུལ་སྤེལ་བ་དང་། རྒྱ་ཆེའི་འཛད་སྤྱོད་པར་བཅའ་ཁྲིམས་ཀྱི་ཤེས་བྱ་དང་ཁེ་དབང་སྲུང་སྐྱོང་གི་རྒྱུན་ཤེས་དྲིལ་བསྒྲགས་དང་ཁྱབ་གདལ་དུ་བཏང་སྟེ་འཛད་སྤྱོད་པའི་ཚུལ་མཐུན་དང་བདེ་ཐང་།  བདེ་འཇགས་ངང་འཛད་སྤྱོད་བྱེད་པར་མཛུབ་ཁྲིད་བྱས།  

ད་ལོར་ཀྲུང་གོ་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ལོའི་བརྗོད་བྱ་གཙོ་བོ་ནི“འཛད་སྤྱོད་ཀྱི་ཡིད་ཆེས་ཡར་འཕར”ཞེས་པ་གཏན་འཁེལ་བྱས་པ་ཡིན་ལ། དེའི་དམིགས་ཡུལ་ནི་འཛད་སྤྱོད་སླར་གསོ་དང་རྒྱ་ཆེར་གཏོང་རྒྱུར་རོགས་འདེགས་བྱེད་པ་དང་། འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་འཕེལ་བ་དང་འཛད་སྤྱོད་ཀྱི་གསོན་ཤུགས་རྒྱས་པ།  དཔལ་འབྱོར་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བ་དང་སྤྱི་ཚོགས་བརྟན་བརླིང་འཆམ་མཐུན་འགྲོ་བར་སྐུལ་འདེད་བྱེད་པ་བཅས་རེད།      ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ལས་དོན་ལ་ཚད་མཐོ་བའི་མཐོང་ཆེན་བྱས་པ་དང་། ལྷག་པར་དུ་ད་ལོ་ནས་བཟུང་། “སྔོན་དཔག་བརྟན་བརླིང་དང་ཡིད་ཆེས་ཡར་འཕར་བ་བཅས་དཔལ་འབྱོར་འཁོར་སྐྱོད་ཕྱོགས་ཡོངས་ནས་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་བའི”ལས་དོན་ལ་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཏེ། ཆེད་དུ《མཚོ་སྔོན་ཞིང་ཆེན་གྱིས་གོ་སྐབས་དམ་འཛིན་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་འགུལ་ཇུས་གཞི》དང་ཆེད་དོན་བྱ་འགུལ་ཇུས་གཞི་དགུ་འགྲེམ་སྤེལ་བྱས་ཏེ། ཁྱོན་ཡོངས་ནས་ཁེ་ལས་ལ་རོགས་སྐྱོར་དང་ཁེ་ལས་ལ་དྲོད་ཁོལ་སྦྱིན་པའི་སྲིད་ཇུས་དང་བྱ་ཐབས་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་།     

རྒྱུས་ལོན་པ་ལྟར་ན།     བྱ་འགུལ་སྤེལ་བའི་ཡུལ་དངོས་སུ་དྲིལ་བསྒྲགས་ནག་པང70ལྷག་བཀོད་སྒྲིག་བྱས་པ་དང་།    དྲིལ་བསྒྲགས་ཡིག་ཆ་སྣ་ཚོགས་ཁྲི4.5ལྷག་ཙམ་འགྲེམ་གཏོང་བྱས་ཏེ།    ཡུལ་དངོས་སུ་འཛད་སྤྱོད་ཀྱི་བློ་འདྲི་མི་ཐེངས1000ལྷག་དང་ལེན་བྱས་པ་དང་འཛད་སྤྱོད་པའི་ཞུ་གཏུག10ལྷག་བདག་སྤྲོད་བྱས།  །     

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།