ཀྲུང་གོ་བོད་ཀྱི་དྲ་བ།

མགོ་ལོག་ཁུལ་གྱིས་ལས་ཞུགས་ཀྱི་དུས་བབ་རྒྱུན་མཐུད་ངང་བརྟན་བརླིང་དུ་ཡོང་བར་སྐུལ་འདེད་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཕག་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-03-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས14ཉིན་གསར་འགོད་པས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ནས་ཤེས་གསལ་ལྟར་ན། ད་ལོ་ནས་བཟུང་ཁ་གཏད་མཚོ་སྐྱོར་གྱི་རོགས་སྐྱོར་ལམ་སྲོལ་ལ་བརྟེན་ནས་ཁུལ་ཡོངས་ཀྱི་ལས་ཞུགས་དུས་བབ་རྒྱུན་མཐུད་བརྟན་པོ་ཡོང་རྒྱུར་སྐུལ་འདེད་བཏང་ཡོད། མིག་སྔའི་བར2023ལོའི་ཁག་དང་པོའི་ཞིང་ཆེན་ཕྱིའི་ངལ་ནུས་གཞན་སྒྱུར་གྱི་ལས་ཞུགས་ལས་དོན་ཕུན་སུམ་ཚོགས་པོའི་ངང་ལེགས་འགྲུབ་བྱས་པ་དང་། ཁྱོན་མི119གཞན་སྒྱུར་བྱས་ཤིང་། ཧྲང་ཧའེ་དང་ཅང་སུའུ། ཀྲེ་ཅང་སོགས་འབྲི་ཆུའི་ཟུར་གསུམ་ཁུལ་དུ་བཀོད་སྒྲིག་བྱས་ནས། བཟའ་བཏུང་དང་བདེ་སྲུང་། ཐོན་ལས་བཟོ་སྐྲུན། གློག་རྡུལ་ཚོང་དོན། མཛེས་བཟོ་སྐྲ་མཛེས་སོགས་ལས་རིགས་གཉེར་ཞིང་། སྔོན་དཔག་བྱས་ན་ཟླ་རེར་ཆ་སྙོམས་གླ་ཕོགས་ཡོང་འབབ་སྒོར6000ཙམ་ཟིན་རྒྱུ་རེད། 

ད་ལོ་ནས་བཟུང་མགོ་ལོག་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱིས་གོ་སྐབས་དམ་འཛིན་བྱས་ནས་ཐོན་ཁུངས་སྣ་ཚོགས་སྤྱི་འདོམས་བྱས་ཏེ་ཁུལ་ཡོངས་སུ་ལས་ཞུགས་བྱེད་འདོད་ཡོད་པའི་གཞོན་ནུ་ཚོགས་སྤྱིར“གནད་བརྗོད”དང“ངོ་ཐུག་གདོང་འཕྲད”ཀྱི་གནད་སྨིན་མཐིལ་རྟོགས་དང་བཅར་འདྲི་བྱས་ནས་ལས་ཞུགས་ཀྱི་བསམ་ཕྱོགས་ཤེས་རྟོགས་ཐུབ་པ་བྱས་པ་རེད། དུས་མཚུངས་སུ། ལས་ཞུགས་སྲིད་ཇུས་ལ་བརྟེན་ནས་འབྲོག་ཁུལ་དང་སྡེ་ཁུལ། སློབ་གྲྭ། ཁེ་ལས། དྲ་སྦྲེལ་བཅས་སུ“ལྔ་སྤེལ”བྱེད་སྒོ་སྤེལ་བ་དང་། དྲིལ་བསྒྲགས་ཀྱི་གཞི་རྟེན་དང་རྣམ་པ་གསར་གཏོད་བྱས་ནས“དྲ་ཐོག+དྲ་འོག”བཅས་སྣ་མང་ཅན་གྱི་དྲིལ་བསྒྲགས་བྱེད་སྟངས་བརྒྱུད།  ཁུལ་ཡོངས་ཀྱི་སློབ་ཆེན་དང་འབྲིང་རིམ་ཆེད་ལས་སློབ་གྲྭའི་སློབ་ཐོན་སློབ་མ་དང་། ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷག་མ། དབང་བོ་སྐྱོན་ཅན་སོགས་ལས་ཞུགས་ཀྱི་ཚོགས་སྤྱིར་ལས་ཞུགས་སྲིད་ཇུས་དྲིལ་བསྒྲགས་དང་། དཔེ་མཚོན་གྱོད་དཔེ་ཁྱབ་གདལ། ལས་མི་བཀོལ་སྤྱོད་ཀྱི་ཆ་འཕྲིན་སྐྱེལ་འདེད། བྱ་དགའི་སྲིད་ཇུས་དོན་འཁྱོལ་བཅས་བྱས་ནས་ངལ་ནུས་ཕྱིར་གཏོང་དྲིལ་བསྒྲགས་བྱ་རྒྱུ་དང་། ཁྱབ་ཁོངས། ཤེས་རྟོགས་ཐུབ་ཚད་བཅས་སྔར་བས་ཆེ་རུ་བཏང་ཡོད། 

ངལ་ནུས་ཕྱིར་གཏོང་གི་བདེ་འཇགས་གོ་རིམ་ལྡན་པ་ཞིག་ཡོང་ཆེད། མགོ་ལོག་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱིས་སྔ་སྣུར་དུ་འཆར་འགོད་བྱས་ནས་དུས་ཐོག་ཏུ་ལས་དོན་གྱི་ཆེད་མངགས་འཛིན་གྲྭ་བཙུགས་ཏེ་བཟའ་སྡོད་འགན་སྲུང་དང་། སྨན་བཅོས་ཞབས་ཞུ། རླངས་འཁོར་བཀོད་སྒྲིག་སོགས་ཀྱི་ལས་དོན་གཅིག་གྱུར་འཆར་འགོད་སྒོས་ཡག་པོ་བྱས་ནས“སྒོ་ཐོན་པ་དང་། སྒོ་ཕྱེ་བ། སྒོ་འཛུལ་བ”བཅས་སྦྲེལ་མཐུད་ཡག་པོ་ཐུབ་པའི་འགན་ལེན་བྱས་པ་རེད། ཕྱོགས་གསུམ་པའི་ཞབས་ཞུའི་ལམ་སྲོལ་བཙུགས་ནས་ཧྲང་ཧའེ་རུ་ལས་ཞུགས་ཞབས་ཞུའི་ལས་དོན་ས་ཚིགས་ཆེད་མངགས་བཙུགས་ཏེ་ལས་མི་བཀོལ་སྤྱོད་ཀྱི་ཆ་འཕྲིན་འཚོལ་བསྡུ་དང་ས་ཚིགས་དང་གཙོ་གནད་ཐོག་ལས་མི་རྣམས་ལ་གནད་སྨིན་ཞབས་ཞུ་བྱས་ནས་རྒྱབ་ཕྱོགས་ཀྱི་སེམས་ཁྲལ་བསལ་ཏེ“སྐྱོད་ཐུབ་པ་དང་། སྡོད་ཐུབ་པ། བརྟན་པོ་ཡོང་བ་བཅས”འགན་ལེན་བྱས་ཡོད། །

རྩོམ་སྒྲིག་པ། : ཕག་གྲུབ།