ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱི་འཐུས་ཚབ་ཚོགས་པས་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཡོངས་ཀྱི་བྱང་རྒྱུད་མཐོ་ས་བཏོད་པར་རྒྱབ་སྐྱོར་བྱེད་དགོས་པའི་གྲོས་གཞི་བཏོན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-03-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་བའི་ལོ་འགའི་རིང་།  ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འདེབས་འཛུགས་ལས་རིགས་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱས་ནས།  དེང་རབས་ཀྱི་འདེབས་འཇུགས་ལས་རིགས་འཕེལ་རྒྱས་སུ་གཏོང་རྒྱུ་དེ་འཐབ་ཇུས་དང་ཁྱོན་ཡོངས་ཀྱི་མཐོ་ཚད་དུ་སླེབས་པར་མཐོར་འདེགས་སུ་བཏང་།   རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་མཚོ་སྔོན་གྱི་འཐུས་ཚབ་ཚོགས་པས།  མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཡོངས་ཀྱི་བྱང་རྒྱུད་མཐོ་ས་བཏོད་པར་རྒྱབ་སྐྱོར་བྱེད་དགོས་པའི་གྲོས་གཞི་བཏོན།

གྲོས་གཞིའི་ནང་།  མཚོ་སྔོན་ཞིང་ཆེན་གྱིས་རང་ངོས་ཀྱི་ཐོན་ཁུངས་རང་སྤུས་ལ་གཞི་ཚུགས་པ་དང་།  རྒྱལ་ཁབ་ཀྱི་འདེབས་འཛུགས་ལས་རིགས་དར་སྤེལ་གཏོང་བའི་འཐབ་ཇུས་བཀོད་པ་དང་མཉམ་འདྲེས་ཧུར་ཐག་བྱས་ཏེ།  སྐེ་ཚེ་གཙོ་བྱས་ཏེ་འདེབས་འཛུགས་བྱེད་པའི་རྒྱལ་ཡོངས་ཀྱི་བྱང་རྒྱུད་མཐོ་ས་བསྐྲུན་ཏེ།  སྟོབས་ཤུགས་གཅིག་སྡུད་ཀྱིས་དཀའ་གནད་སེལ་བ་དང་།  ཞན་ཆ་ཁ་གསབ། ལེགས་ཆ་ཆེ་རུ་གཏོང་བ། ཉེན་ཁ་ཚོད་འཛིན་བྱེད་པ་བཅས་བྱས་ནས།  འདེབས་འཛུགས་ལས་རིགས་ཀྱི་ཚན་རྩལ་རང་ཚུགས་རང་འཕེལ་དང་།  ས་བོན་གྱི་འབྱུང་ཁུངས་རང་བརྟེན་ཚོད་འཛིན་ཐུབ་པར་བྱེད་དགོས། གཅིག་ནས་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུ་དང་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་རིམ་པའི་བྱང་རྒྱུད་མཐོ་ས་འཛུགས་སྐྲུན་གྱི་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཞག་ནས།  རྒྱལ་ཁབ་ཀྱི་བྱང་རྒྱུད་མཐོ་ས་རྩེ་གྲ་བསྐྲུན་ནས།  ལྷོ་རུ་ལྷོ་ཡི་ཁྱད་ཆོས་དང་བྱང་དུ་བྱང་རྒྱུད་མཐོ་སའི་འདེབས་འཛུགས་ལས་རིགས་ཀྱི་གསར་གཏོད་རྟེན་གཞི་ཆགས་པར་བྱེད་དགོས། གཉིས་ནས་རྒྱལ་ཡོངས་ཀྱི་བྱང་རྒྱུད་མཐོ་ས་འཛུགས་སྐྲུན་དེ་རྒྱལ་ཁབ་ཀྱི་འདེབས་འཛུགས་ལས་རིགས་རྟེན་གཞི་མཐོར་འདེགས་སུ་གཏོང་བའི་བྱ་སྤྱོད་ཀྱི་གཙོ་གནད་འཛུགས་སྐྲུན་ནང་བཞག་ནས། བྱང་རྒྱུད་མཐོ་ས་འཛུགས་སྐྲུན་གྱི་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་སྟེ།  རྟེན་གཞིའི་ས་ཞིང་འཛུགས་སྐྲུན་ཚད་ལྡན་ཅན་དང་། འདེབས་འཛུགས་བརྒྱུད་རིམ་ཧྲིལ་པོ་འཕྲུལ་ཆས་ཅན་དུ་བཏང་སྟེ་དོ་དམ་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་དགོས།  གསུམ་ནས་ཚན་རིག་འཕེལ་རྒྱས་དང་ཐོན་ལས་ཀྱི་དགོས་མཁོར་གཞིགས་ཏེ།  རྒྱལ་ཁབ་རིམ་པའི་འདེབས་འཛུགས་ལས་རིགས་མཉམ་འབྲེལ་འགག་སྒྲོལ་རྣམ་གྲངས་བཀོད་སྒྲིག་བྱས་པ་བརྒྱུད།  རྒྱལ་ཁབ་ཕྱི་ནང་གི་ཆུ་ཚད་མཐོ་བའི་ཚོད་ལྟ་ཁང་གདན་དྲངས་ཏེ་མཉམ་འབྲེལ་སྒོས་ཞིབ་འཇུག་དང་།  མཉམ་དུ་འགག་སྒྲོལ།  འགག་རྩའི་ལག་རྩལ་ཁོང་དུ་ཆུད་པ།  འདེབས་འཛུགས་ལས་རིགས་ཀྱི་ལག་རྩལ་ཤེས་ལྡན་པ་དང་ཚན་ཞིབ་དཔུང་ཁག་གསོ་སྐྱོང་བཅས་བྱས་ནས།  ཤེས་ལྡན་པ་འཚར་ལོངས་འབྱུང་བར་ཆ་རྐྱེན་བཟང་པོ་བསྐྲུན་རྒྱུའི་གྲོས་གཞི་བཏོན།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།