ཀྲུང་གོ་བོད་ཀྱི་དྲ་བ།

ལེའུ་བཞི་པ། གསང་མྱུལ་ལ་ངོ་རྒོལ་བྱེད་པའི་བདེ་འཇགས་དོགས་ཟོན་དང་ཞིབ་བཤེར་བྱེད་ཕྱོགས་སྐོར།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2023-02-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལེའུ་བཞི་པ། གསང་མྱུལ་ལ་ངོ་རྒོལ་བྱེད་པའི་བདེ་འཇགས་དོགས་ཟོན་དང་ཞིབ་བཤེར་བྱེད་ཕྱོགས་སྐོར།

དོན་ཚན་ཉེར་གཅིག་པ། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་གཤམ་གསལ་གྱི་གནས་ཚུལ་གྲས་ཤིག་ཡོད་ཚེ། ཆུས་བཙུགས་པའི་གྲོང་ཁྱེར་རིམ་པ་ཡན་གྱི་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་འགན་འཁུར་བའི་ཆོག་མཆན་ཐོབ་པ་བརྒྱུད་བཅའ་ཁྲིམས་ཀྱི་ཡིག་ཆ་ཡང་འདོན་དགོས་ཤིང་། ལས་ཁུངས་དང་། ཚོགས་པ། ཁེ་ལས་དང་བྱ་ལས་རྩ་འཛུགས། སྤྱི་ཚོགས་ཀྱི་རྩ་འཛུགས་གཞན་དག་བཅས་ལ་གསང་མྱུལ་ལ་ངོ་རྒོལ་བྱེད་པའི་བདེ་འཇགས་དོགས་ཟོན་གྱི་ཞིབ་བཤེར་བྱས་ཆོག་པ་སྟེ།

(གཅིག)གསང་མྱུལ་ལ་ངོ་རྒོལ་བྱེད་པའི་བདེ་འཇགས་དོགས་ཟོན་གྱི་ཉེན་ཁའི་མངོན་མེད་རྐྱེན་ངན་ཤེས་རྟོགས་བྱུང་བ།

(གཉིས)གསང་མྱུལ་ལ་ངོ་རྒོལ་བྱེད་པའི་བདེ་འཇགས་དོགས་ཟོན་གནད་དོན་གྱི་ཁུངས་སྣེ་ཐེར་འདོན་འབྱོར་བ།

(གསུམ)འབྲེལ་ཡོད་སྡེ་ཚན་གྱི་རེ་ཞུ་གཞིར་འཛིན་པ།

(བཞི)གསང་མྱུལ་ལ་ངོ་རྒོལ་བྱེད་པའི་བདེ་འཇགས་དོགས་ཟོན་ལས་ཀའི་དགོས་མཁོ་གཞན་དག་གི་དབང་གིས།

དོན་ཚན་ཉེར་གཉིས་པ། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་གཤམ་གསལ་གྱི་བྱེད་ཐབས་ལ་བརྟེན་ནས་ལས་ཁུངས་དང་ཚོགས་པ། ཁེ་ལས་དང་བྱ་ལས་རྩ་འཛུགས། སྤྱི་ཚོགས་ཀྱི་རྩ་འཛུགས་གཞན་དག་བཅས་ཀྱི་གསང་མྱུལ་ལ་ངོ་རྒོལ་བྱེད་པའི་བདེ་འཇགས་དོགས་ཟོན་གྱི་ལས་ཀར་ཞིབ་བཤེར་བྱས་ཆོག་པ་སྟེ།

(གཅིག)འབྲེལ་ཡོད་སྡེ་ཚན་དང་མི་སྣར་གནས་ཚུལ་རྩད་གཅོད་བྱ་རྒྱུ་དང་།

(གཉིས)འབྲེལ་ཡོད་དཔྱད་ཡིག་ལྟ་འཐེན་བྱ་རྒྱུ།

(གསུམ)འབྲེལ་ཡོད་ལས་ཀའི་གསལ་བཤད་ལ་ཉན་རྒྱུ།

(བཞི)འབྲེལ་ཡོད་སྡེ་ཚན་དང་ལས་ཡུལ་དངོས་སུ་ལྟ་ཞིབ་བྱེད་པར་བསྐྱོད་རྒྱུ།

(ལྔ)གློག་རྡུལ་འཕྲིན་གཏོང་ཡོ་བྱད་དང་ཡོ་བྱད་སོགས་སྒྲིག་ཆས་དང་སྒྲིག་བཀོད་ལ་ཞིབ་བཤེར་བྱ་རྒྱུ།

(དྲུག)གསང་མྱུལ་ལ་ངོ་རྒོལ་བྱེད་པའི་ལག་རྩལ་འགོག་ཟོན་ཞིབ་བཤེར་དང་ཞིབ་དཔྱད་ཚད་ལེན།

(བདུན)བཅའ་ཁྲིམས་དང་ཁྲིམས་སྲོལ། སྒྲིག་སྲོལ་བཅས་ཀྱིས་དབང་བསྐུར་བའི་ཞིབ་བཤེར་བྱེད་སྟངས་གཞན་དག་བཅས་ཡིན།

དོན་ཚན་ཉེར་གསུམ་པ། ཆུས་བཙུགས་པའི་གྲོང་ཁྱེར་རིམ་པ་ཡན་གྱི་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་འགན་འཁུར་བའི་ཆོག་མཆན་ཐོབ་པ་བརྒྱུད་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་ཉེན་ཁ་དང་མངོན་མེད་རྐྱེན་ངན་ཡོད་པའི་ལས་ཁུངས་དང་། ཚོགས་པ། ཁེ་ལས་དང་བྱ་ལས་རྩ་འཛུགས། སྤྱི་ཚོགས་རྩ་འཛུགས་གཞན་དག་བཅས་ཀྱི་འབྲེལ་ཡོད་ཆ་ཤས་དང་། གནས་ཡུལ་དང་འཛུགས་སྐྲུན་དངོས་པོ། ནང་ཁུལ་གྱི་སྒྲིག་ཆས་སྒྲིག་བཀོད། དྲག་ཞན་གློག་གི་མ་ལགརྩིས་འཁོར་དྲ་བ་དང་ཆ་འཕྲིན་མ་ལགགནད་འགག་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་སོགས་ལ་གསང་མྱུལ་ལ་ངོ་རྒོལ་བྱེད་པའི་ལག་རྩལ་སྔོན་འགོག་ཞིབ་བཤེར་དང་ཞིབ་བཤེར་ཚད་ལེན་བྱས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་གནས་ཚུལ་སྔོན་འགོག་དང་།

དོན་ཚན་ཉེར་བཞི་པ། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་གཤམ་གསལ་གྱི་བྱེད་ཐབས་སྤྱད་དེ་གསང་མྱུལ་ལ་ངོ་རྒོལ་བྱེད་པའི་ལག་རྩལ་དོགས་ཟོན་ཞིབ་བཤེར་དང་ཞིབ་བཤེར་ཚད་ལེན་བྱས་ཆོག་པ་སྟེ།

(གཅིག)འབྲེལ་ཡོད་སྡེ་ཚན་དང་ལས་ཡུལ་དུ་བསྐྱོད་དེ་ལས་ཡུལ་དངོས་ཀྱི་ལག་རྩལ་ཞིབ་བཤེར་བྱེད་པ་དང་།

(གཉིས)ཆེད་སྤྱོད་སྒྲིག་ཆས་བེད་སྤྱོད་བྱས་ནས་འབྲེལ་ཡོད་གནས་ས་དང་། གནས་ཡུལ། སྦྲེལ་ལམ། དྲ་རྒྱ་བཅས་ལ་ལག་རྩལ་ཞིབ་དཔྱད་ཚད་ལེན་བྱ་རྒྱུ།

(གསུམ)འབྲེལ་ཡོད་སྒྲིག་ཆས་སྒྲིག་བཀོད་དང་། དྲ་རྒྱ། མ་ལག་བཅས་ལ་རྒྱང་རིང་ལག་རྩལ་ཞིབ་དཔྱད་ཚད་ལེན་བྱ་རྒྱུ་བཅས་ཡིན།

དོན་ཚན་ཉེར་ལྔ་པ། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་གསང་མྱུལ་ལ་ངོ་རྒོལ་བྱེད་པའི་ལག་རྩལ་དོགས་ཟོན་གྱི་ལས་ཡུལ་དངོས་ལ་ཞིབ་བཤེར་དང་ཞིབ་བཤེར་ཚད་ལེན་བྱེད་སྐབས།ཞིབ་བཤེར་མི་སྣ་གཉིས་ལས་ཉུང་མི་རུང་བ་མ་ཟད།དེ་མཚུངས་ཀྱི་ལག་ཁྱེར་ཡང་སྟོན་དགོས།

རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་རྒྱང་རིང་ལག་རྩལ་ཞིབ་དཔྱད་ཚད་ལེན་བྱེད་སྐབས་སྔོན་ལ་ཞིབ་དཔྱད་ཚད་ལེན་བྱ་ཡུལ་ལ་ཞིབ་དཔྱད་ཚད་ལེན་བྱེད་པའི་དུས་ཚོད་དང་ཞིབ་དཔྱད་ཚད་ལེན་བྱེད་ཁོངས་སོགས་ཀྱི་དོན་དག་ཤེས་སུ་འཇུག་དགོས།

ཞིབ་བཤེར་ཚད་ལེན་མི་སྣས་ཞིབ་བཤེར་ཚད་ལེན་བྱས་ཚུལ་ཇི་མ་ཇི་བཞིན་ཟིན་ཐོར་འགོད་དགོས།

དོན་ཚན་ཉེར་དྲུག་པ། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་གསང་མྱུལ་ལ་ངོ་རྒོལ་བྱེད་པའི་ལག་རྩལ་དོགས་ཟོན་ཞིབ་བཤེར་དང་ཞིབ་བཤེར་ཚད་ལེན་བྱེད་རིང་གནོད་འཚེ་མི་འབྱུང་བའམ་རྒྱ་ཆེ་རུ་གཏོང་བའི་ཆེད་དུ། ཁྲིམས་ལྟར་ཞིབ་བཤེར་བྱ་ཡུལ་ལ་ལག་རྩལ་སྒྲིབ་ཡོལ་དང་། ཟུར་འཇོག བཤིག་པ། འབྲེལ་ཡོད་སྒྲིག་ཆས་དང་སྒྲིག་བཀོད་དང་། དྲ་རྒྱ། མ་ལག་སོགས་ཀྱི་དག་ཐེར་ཡོ་བསྲང་བྱེད་ཐབས་སྤྱོད་མཚམས་འཇོག་ཏུ་འཇུག་པ་དང་། འབྲེལ་ཡོད་བྱེད་ཐབས་དོན་འཁྱོལ་བྱེད་པར་མཛུབ་སྟོན་དང་སྐུལ་འདེད་གཏོང་དགོས་པ་མ་ཟད། ཞིབ་བཤེར་ཚད་ལེན་ཟིན་ཐོའི་ནང་གསལ་པོར་འགོད་དགོས།

དོན་ཚན་ཉེར་བདུན་པ། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་གསང་མྱུལ་ལ་ངོ་རྒོལ་བྱེད་པའི་བདེ་འཇགས་དོགས་ཟོན་ཞིབ་བཤེར་བྱས་ཚུལ་ལྟར། ཞིབ་བཤེར་བྱ་ཡུལ་སྡེ་ཚན་ལ་གསང་མྱུལ་ལ་ངོ་རྒོལ་བྱེད་པའི་བདེ་འཇགས་དོགས་ཟོན་ལས་ཀར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་བསམ་འཆར་དང་གྲོས་འགོ་བཏོན་ནས། འབྲེལ་ཡོད་སྡེ་ཚན་ལ་གསང་མྱུལ་ལ་ངོ་རྒོལ་བྱེད་པའི་བདེ་འཇགས་དོགས་ཟོན་གྱི་འགན་འཁྲི་དང་འོས་འགན་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས།

ལེའུ་ལྔ་པ། ཁྲིམས་འབྲེལ་ཁུར་འཁྲིའི་སྐོར།

དོན་ཚན་ཉེར་བརྒྱད་པ། ལས་ཁུངས་དང་། ཚོགས་པ། ཁེ་ལས་དང་བྱ་ལས་རྩ་འཛུགས། སྤྱི་ཚོགས་ཀྱི་རྩ་འཛུགས་གཞན་དག་བཅས་ཀྱིས་གཏན་འབེབས་འདི་དང་འགལ་ཏེ་གཤམ་གསལ་གནས་ཚུལ་ལས་རིགས་གཅིག་བྱུང་ན། རྒྱལ་ཁབ་བདེ་སྲུང་ལས་ཁུངས་ཀྱིས་བཅའ་ཁྲིམས་ལྟར་དུས་བཀག་ལྟར་དག་ཐེར་ལེགས་བཅོས་བྱེད་འགན་དཀྲི་ཆོག་པ་དང་། དག་ཐེར་ཡོ་བསྲང་བྱ་ཡུལ་སྡེ་ཚན་ལ་དག་ཐེར་ཡོ་བསྲང་གི་དུས་བཀག་མ་ཐིམ་གོང་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ལ་དག་ཐེར་ཡོ་བསྲང་གི་སྙན་ཞུ་འབུལ་དགོས་པའི་བཀའ་འབེབས་དགོས་པ་དང་། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་དག་ཐེར་ཡོ་བསྲང་གི་སྙན་ཞུ་འབྱོར་ཉིན་ནས་བཟུང་གི་ལས་ཀའི་ཉིན་བཅོ་ལྔའི་ནང་ཚུན་དུ་དག་ཐེར་ཡོ་བསྲང་བྱས་ཚུལ་ལ་ཞིབ་བཤེར་བྱ་དགོས།

(གཅིག)གསང་མྱུལ་ལ་ངོ་རྒོལ་བྱེད་པའི་བདེ་འཇགས་དོགས་ཟོན་གྱི་འགན་འཁྲི་དང་འོས་འགན་ནན་ཏན་གྱིས་མི་སྒྲུབ་པ་དང་། བདེ་འཇགས་དོགས་ཟོན་གྱི་ལས་ཀའི་བྱེད་ཐབས་དོན་འཁྱོལ་མ་བྱས་པའམ་དོན་འཁྱོལ་གནད་ལ་འཁེལ་མེད་པ། གནད་དོན་གྱི་མངོན་མེད་རྐྱེན་ངན་མངོན་གསལ་ཡོད་པ།

(གཉིས)རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་གསང་མྱུལ་ལ་ངོ་རྒོལ་བྱེད་པའི་བདེ་འཇགས་དོགས་ཟོན་གྱི་མཛུབ་ཁྲིད་དང་ཞིབ་བཤེར་དང་ལེན་མི་བྱེད་པའི་རིགས།

(གསུམ)གསང་མྱུལ་གྱི་གྱོད་གཞི་ཐོན་ནས་ངོ་ལོག་བྲོས་བྱོལ་གྱི་གྱོད་གཞི་དང་། མངའ་ཁོངས་ཕྱི་རོལ་ལ་རྒྱལ་ཁབ་ཀྱི་གསང་བ་དང་གསང་འཕྲིན་རྐུ་ཁྱེར་དང་། མྱུལ་ཞིབ། བསྡུ་ཉོ། ཁྲིམས་འགལ་ངང་མཁོ་འདོན་བཅས་བྱས་པའི་གྱོད་གཞི་དང་། དེ་བཞིན་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་བཏང་བའི་གྱོད་གཞི་གཞན་དག་བཅས་ཀྱི་རིགས།

(བཞི)གསང་མྱུལ་གྱི་བྱ་སྤྱོད་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་གཞན་དག་དང་འབྲེལ་བ་ཡོད་པའི་དོགས་གཞི་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་ཚེ། ཞུ་འགྱངས་དང་། ཆད་ཞུ། གསང་ཞུ་བཅས་བྱས་ནས་མཇུག་འབྲས་ངན་པ་བཟོས་པའམ་ཡང་ན་ཤུགས་རྐྱེན་ངན་པ་བཟོས་རིགས།

(ལྔ)རྒྱལ་ཁབ་ཀྱི་བདེ་སྲུང་ལས་ཁུངས་ཀྱིས་བཅའ་ཁྲིམས་ལྟར་ལས་འགན་སྒྲུབ་པར་གཞོགས་འདེགས་མི་བྱེད་པའམ་བཀག་འགོག་བྱས་རིགས་བཅས་ཡིན།

བླང་བྱ་ལྟར་དག་ཐེར་ཡོ་བསྲང་མ་བྱས་པའམ་དག་ཐེར་ཡོ་བསྲང་གི་བླང་བྱའི་ཚད་ལ་སླེབས་མེད་ན། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་ཁྲིམས་ལྟར་འབྲེལ་ཡོད་འགན་འཁུར་བར་སྐོང་འདྲི་བྱས་ཆོག་པ་མ་ཟད། སྐོང་འདྲི་བྱས་ཚུལ་སྡེ་ཚན་དེའི་གོང་རིམ་གཙོ་གཉེར་སྡེ་ཁག་ལ་བརྡ་ཁྱབ་གཏོང་དགོས།

དོན་ཚན་ཉེར་དགུ་པ། ལས་ཁུངས་དང་། ཚོགས་པ། ཁེ་ལས་དང་བྱ་ལས་རྩ་འཛུགས། སྤྱི་ཚོགས་ཀྱི་རྩ་འཛུགས་གཞན་དག་དང་དེའི་ལས་བྱེད་མི་སྣ་བཅས་ཀྱིས་གསང་མྱུལ་ལ་ངོ་རྒོལ་བྱེད་པའི་བདེ་འཇགས་དོགས་ཟོན་གྱི་འགན་འཁྲི་དང་འོས་འགན་གཏན་འབེབས་ལྟར་མ་བསྒྲུབས་པའམ་ཡང་ན་ཤུགས་རྐྱེན་ངན་པ་བཟོས་ན། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་འབྲེལ་ཡོད་ལས་ཁུངས་དང་སྡེ་ཚན་ལ་གནད་དོན་གྱི་ཁུངས་སྣེ་རྩིས་སྤྲོད་བྱས་ཏེ། འབྲེལ་ཡོད་ལས་ཁུངས་དང་སྡེ་ཚན་ལ་དོ་དམ་དབང་མཚམས་ལྟར་འགན་འཁྲི་ཡོད་པའི་འགོ་ཁྲིད་མི་སྣ་དང་ཁག་འགན་ཐད་ཀར་འཁུར་དགོས་མི་ལ་སྒྲིག་སྲོལ་དང་བཅའ་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུའི་གྲོས་འགོ་འདོན་རྒྱུ།ཉེས་ཚད་ལོན་རིགས་ལ་ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ།

དོན་ཚན་སུམ་ཅུ་པ། རྒྱལ་ཁབ་བདེ་འཇགས་ལས་ཁུངས་དང་དེའི་ལས་བྱེད་མི་སྣས་གསང་མྱུལ་ལ་ངོ་རྒོལ་བྱེད་པའི་བདེ་འཇགས་དོགས་ཟོན་མཛུབ་ཁྲིད་དང་ཞིབ་བཤེར་ལས་ཀའི་ཁྲོད་འགན་དབང་གང་བྱུང་དུ་སྤྱོད་པ་དང་། ལས་འགན་སྣང་མེད་ལྷོད་གཡེང་དུ་གཏོང་བ། ཉེར་ཕྱོགས་གཡོ་ཟོལ་བཅས་བྱས་ན། འགན་འཁྲི་ཡོད་པའི་འགོ་ཁྲིད་མི་སྣ་དང་ཐད་ཀར་འགན་འཁྲི་ཡོད་མཁན་ལ་སྒྲིག་སྲོལ་དང་སྒྲིག་ཁྲིམས་ལྟར་ཐག་གཅོད་བྱེད་དགོས། ཉེས་ཚད་ལོན་རིགས་ལ་ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ།

ལེའུ་དྲུག་པ། ཞར་བྱུང་དོན་ཚན།

དོན་ཚན་སོ་གཅིག་པ། གཏན་འབེབས་འདི་ཁྱབ་བསྒྲགས་བྱས་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།   །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།