ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱིས་ཕྱོགས་བཅུ་ནས་སྐྱེ་ཁམས་མཛའ་མཐུན་གྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་རོགས་སྐུལ་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2023-02-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས7ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནགས་ལས་རྩྭ་ཐང་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་ཟབ་མོ་གཏོང་བ་དང་གཞི་རྒྱ་ཆེ་བའི་རྒྱལ་ཁོངས་ལྗང་སྒྱུར་ཚན་རིག་དང་མཐུན་པའི་སྐུལ་འདེད་གཏོང་བ། རྩྭ་ཐང་སྐྱེ་ཁམས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་མ་ལག་ལྡན་པའི་ངང་སྤེལ་བ། བརླན་ས་སྲུང་སྐྱོང་སླར་གསོ་དོ་དམ་ཕྱོགས་ཡོངས་ནས་ཤུགས་སྣོན་པ། རི་སྐྱེས་རྩི་ཤིང་སྲོག་ཆགས་སྲུང་སྐྱོང་ལ་ངེས་པ་དོན་གྱི་ཕྱོགས་ཡོངས་ནས་ཇེ་དྲག་ཏུ་གཏོང་བ། ནགས་ཚལ་རྩྭ་ཐང་ཐོན་ཁུངས་ཀྱི་བདེ་འཇགས་ལ་ཁྲིམས་ལྟར་འགན་སྲུང་བྱེད་པ། སྐྱེ་ཁམས་དམངས་ཕྱུག་དམངས་ཕན་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ། གཙོ་གནད་ཁྱབ་ཁོངས་ཀྱི་བཅོས་སྒྱུར་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་བ། འཕེལ་རྒྱས་ཀྱི་རྨང་གཞི་འགན་སྲུང་མུ་མཐུད་དུ་བརྟན་པོར་འཛུགས་པ། ལས་བྱེད་དཔུང་ཁག་འཛུགས་སྐྱོང་ལ་གཟབ་ནན་གྱིས་ཤུགས་སྣོན་པ་བཅས་ཕྱོགས་བཅུ་ནས། སྐྱེ་ཁམས་མཛའ་མཐུན་གྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་འཛུགས་སྐྲུན་ལ་བྱ་རྒྱུ་རེད། 

མཚོ་སྔོན་གྱིས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྤུས་ཚད་མཐོན་པོས་འཛུགས་སྐྲུན་བྱ་རྒྱུ་ཡིན་པ་དང་། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་འཛུགས་པར་མགྱོགས་མྱུར་གྱིས་སྐུལ་འདེད་གཏོང་བ། མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་ལ་བརྟན་བརླིང་སྒོས་སྐུལ་འདེད་གཏོང་བ། ཁུ་ནུ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཁོངས་གཏོགས་ཀྱི་སྔ་དུས་ལས་དོན་ལེགས་པར་སྒྲུབ་པ། རྨ་ཆུ་འབབ་རྒྱུད་དང་ཙོང་ཆུའི་འབབ་རྒྱུད་འགྲམ་གཉིས་ཀྱི་ལྗང་མདོག་སྐྱེ་ཁམས་བགྲོད་ལམ་འཛུགས་སྐྲུན་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ལྗང་མདོག་རྒྱ་སྐྱེད་འགུལ་སྐྱོད་ཇེ་མགྱོགས་སུ་གཏོང་བ། རྒྱལ་ཁོངས་ལྗང་སྒྱུར་སྤྱི་ཆིང་ཁྲི26.66ལེགས་འགྲུབ་དང་། ལས་འགན་སྡོང་རྐང་ཁྲི1500བཙུགས་ནས། རྒྱལ་ཁབ་བྱེ་འགོག་བྱེ་བཅོས་ཕྱོགས་བསྡུས་དཔེ་སྟོན་ས་ཁུལ5འཛུགས་སྐྲུན་གྱི་གྲུབ་འབྲས་སྲ་བརྟན་གྱིས་མཐོར་འདེགས་པ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བྱེ་འགོག་བྱེ་བཅོས་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་མགྱོགས་མྱུར་གྱིས་སྐུལ་འདེད་བཏང་ནས། བྱེ་འགོག་བྱེ་བཅོས་སྤྱི་ཆིང་ཁྲི8ལེགས་འགྲུབ་བྱ་རྒྱུ་རེད། 

རྩྭ་ཕྱུགས་དོ་མཉམ་དཔེ་སྟོན་རྫོང་དང་རྒྱལ་ཁབ་རྩྭ་ཐང་རང་བྱུང་སྤྱི་གླིང་ཚོད་ལྟའི་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། གཞི་རྩའི་རྩྭ་ཐང་སྲུང་སྐྱོང་ལམ་ལུགས་འཛུགས་པ། ཕྱུགས་འགོག་དང་རྩྭ་ཕྱུགས་དོ་མཉམ་ས་ཁུལ་ཕྱོགས་ཚད་ཅན་གྱི་ས་རིས་མཛོད་ཉར་ལ་མགྱོགས་མྱུར་གྱིས་སྐུལ་འདེད་གཏོང་བ། མུ་རུ་རྩྭ་ཐང་གི་སྐྱེ་ཁམས་མ་ལག་ངེས་གནས་ལྟ་བཤེར་ཞིབ་འཇུག་ས་ཚུགས་འཛུགས་སྐྲུན་ལ་མགྱོགས་མྱུར་གྱིས་སྐུལ་འདེད་གཏོང་བ། གཙང་གསུམ་འབྱུང་ཡུལ་བརླན་ས་ཕྱོགས་བསྡུས་བཅོས་སྐྱོང་དང་མཚོ་སྔོན་པོ་འགྲམ་རྒྱུད་ཀྱི་བརླན་སའི་མ་ལག་བཅོས་སྐྱོང་། མདོ་ལ་རི་བོའི་བརླན་སའི་ཆུ་མགོའི་ཆུ་གསོག་ཚད་སོགས་བརླན་ས་སྲུང་སྐྱོང་སླར་གསོའི་བཟོ་སྐྲུན་གལ་ཆེན་ལག་ཏུ་བསྟར་བ། བརླན་སའི་ཕྱོགས་བསྡུས་ལྟ་བཤེར་མ་དཔེ་དཔྱད་ཞིབ་དང་མུ་རུ་གཏེར་ཁུལ་སོགས་ལྟ་བཤེར་ལས་དོན་སྤེལ་རྒྱུ་རེད། 

མ་ལག་ལྡན་པའི་རྩ་འཛུགས་བྱས་ནས་གསའ་དང་གཙོད་སོགས་དཀོན་ལ་འཇིག་ཉེན་ཆེ་བའི་རི་སྐྱེས་སྲོག་ཆགས་བརྟག་དཔྱད་ལྟ་བཤེར་ལས་དོན་སྤེལ་བ་དང་། མདོ་དབུས་མཐོ་སྒང་གི་བྱ་གཟིགས་འགྲན་སྡུར་ཆེན་མོ་དང་། གསའ་དང་གཙོད་སྲུང་སྐྱོང་བྱེད་སྒོ་སྤེལ་བའི་འཆར་འགོད་ལ་འབད་པ། ནགས་དཔོན་ལམ་ལུགས་ལག་བསྟར་དངོས་འབེབས་ལ་སྐུལ་འདེད་ཟབ་མོ་གཏོང་བ། ནགས་རྩྭའི་དཔོན་དང་ཞིབ་དཔྱོད་དཔོན། ཉེན་རྟོག་དཔོན་སོགས་མཐུན་སྦྱོར་ལམ་སྲོལ་འཚོལ་ཞིབ་བྱེད་པ། ཟུང་ལེན་ལྔ་སྦྲེལ་སོགས་ཀྱི་ལས་དོན་ལམ་སྲོལ་གཟབ་ནན་གྱི་དངོས་འབེབས་བྱས་ཏེ། ནགས་ཚལ་རྩྭ་ཐང་མེ་འགོག་ལས་དོན་ལེགས་པར་སྒྲུབ། 

ཁྱད་ལྡན་དཔལ་འབྱོར་ནགས་ཚལ་དང་ནགས་རྩྭ་འདེབས་པ། ཀྲུང་ལུགས་བོད་ལུགས་སྨན་རྫས་སོགས་ཀྱི་ཐོན་ལས་སྲ་བརྟན་དུ་གཏོང་བ། སྐྱེ་ཁམས་ཡུལ་སྐོར་དང་ནགས་ཚལ་ཁམས་གསོ། རང་བྱུང་སློབ་གསོ་སོགས་ལས་རིགས་གསར་པའི་རྣམ་པ་སྟོབས་ལྡན་དུ་གཏོང་བ། ཡོང་སྒོ་དམའ་བའི་མི་སྐྱེ་ཁམས་བཟོ་སྐྲུན་འཛུགས་སྐྲུན་ལ་ཞུགས་པར་འབད་པས་བསྡུ་བ། མང་ཚོགས་ལས་གཉེར་འབབ་འཕར་ལ་སྐུལ་བ། རྩྭ་ཐང་འགན་ལེན་ལས་གཉེར་དང་རྩྭ་ཐང་ཐོན་ཁུངས་སྤྱོད་སྒོ་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ། སྐྱེ་ཁམས་ངེས་གནས་ས་ཚུགས་དང་གཙོ་གནད་ཚོད་ལྟ་ཁང་། སྤུས་བརྟག་ས་ཚུགས། ཚན་རིག་ཞིབ་འཇུག་ཚོད་ལྟའི་རྟེན་གཞི་སོགས་སྟེགས་བུ་འཛུགས་སྐྲུན་དང་དོ་དམ་གསར་སྐྲུན་བྱེད་པ། མདོ་དབུས་མཐོ་སྒང་གི་ནགས་རྩྭ་འདེབས་འཛུགས་ཐོན་ཁུངས་མཛོད་འཛུགས་སྐྲུན་བྱེད་མགོ་བརྩམས། ། 

རྩོམ་སྒྲིག་པ། : གསང་བདག་རྒྱལ།