ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་ཤར་གྲོང་ཁྱེར་གྱིས“དཔྱིད་རླུང་བྱ་འགུལ+”སྤེལ་ནས་ཡུལ་མི་ལས་བཟོ་བར་དྲོད་ཁོལ་སྦྱིན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2023-02-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས་5ཉིན།  གསར་འགོད་པས་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ནས་ཤེས་གསལ་ལྟར་ན།     ལོ་སར་རྗེས་ཀྱི་ལས་མགོ་ཚུགས་པའི་དུས་རིམ་ནང་།      མཚོ་ཤར་གྲོང་ཁྱེར་གྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་ཞིང་ཆེན་ཡོངས་ཀྱི་“ཚོགས་ཆེན་གཉིས”ཀྱི་འབྲེལ་ཡོད་ལས་ཞུགས་སྔོན་ལ་འཇོག་པའི་འཐབ་ཇུས་ལ་ཁ་ཕྱོགས་ཏེ།     ལས་གནས་བརྟན་པོ་དང་ལས་ཞུགས་བྱ་རྒྱུ་ནི“དོན་ཆེན་ནང་གི་འགངས་ཆེན”དུ་བརྩིས་ཤིང་། རིམས་ནད་རྗེས་ཀྱི་དཔལ་འབྱོར་སླར་གསོ་དང་ལོ་སར་རྗེས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་གོ་སྐབས་བཟང་པོ་དམ་འཛིན་བྱས་ཐོག ནུས་ཤུགས་ཡོད་རྒུས“དཔྱིད་རླུང་བྱ་འགུལ”ལག་བསྟར་བྱེད་པ་དང་། “ནུས་རྩལ་མཐོར་འདེགས་དང་ལས་གནས་སྦྲེལ་མཐུད།    ལས་གནས་སུ་ལོག་པར་འགན་སྲུང་བྱེད་པ།  སྤྱི་ཚོགས་འགན་བཅོལ་ལས་དཀའ་ཁག་སེལ་བ།    ཁེ་དབང་འགན་ལེན”བཅས་རབ་དང་རིམ་པའི་བྱ་ཐབས་སྤྱད་པ་བརྒྱུད། ལས་གནས་བརྟན་པོ་དང་ཡོང་འབབ་ཇེ་མང་དུ་འགྲོ་བའི་བྱ་ཐབས་དངོས་སྤྱད་པར་ཡུལ་མི་ལས་བཟོ་བའི་ལས་ཞུགས་ཀྱི་ལམ་བུ་ཇེ་ཡངས་སུ་བཏང་། 

མཚོ་ཤར་གྲོང་ཁྱེར་གྱིས“དཔའ་ལུང་གི་འཐེན་ཐུག་”དང་།    “ཁྱིམ་ལས་ཞབས་ཞུ།    ”“མཚོ་སྔོན་གྱི་འཚེམ་དྲུབ་”སོགས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཚོང་རྟགས་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་ཁྲིད་གང་ལེགས་བྱས་ཏེ།    “ལས་རིགས་གསར་པའི་ཞིང་བ་གསོ་སྦྱོང་”དང་“ལས་ཞུགས་དང་ལས་སྐྲུན་གྱི་ནུས་རྩལ་གསོ་སྦྱོང་”སོགས་ཀྱི་འཆར་གཞི་རྩ་འཛུགས་བྱས་ཤིང་། ཙོང་ཆུའི་ཁྱད་ལྡན་བཟོ་སྐྲུན་པ་གསོ་སྦྱོང་བྱེད་བྱེད་མགོ་ཚུགས་པ་དང་།     “འཐེན་ཐུག་འཇོན་མི”དང་ཧུར་ཐག་སྒོས“ཚོང་འདྲེན་མི་སྣ་དང་ཚོང་བ”ཡི་གོ་གནས་བརྟན་སྲུང་བྱས་ཏེ།  ཞིང་ཆེན་ཡོངས་ཀྱི་ཁེ་ལས་ཆེ་གྲས་དང་གྲོང་ཁྱེར་ཡོངས་ཀྱི་གཙོ་གནད་ཁེ་ལས་ཀྱི་ལས་མི་བཀོལ་སྤྱོད་ཀྱི་དགོས་མཁོར་གནད་འཁེལ་དབྱེ་ཞིབ་བྱས་ཐོག     ཐོན་ལས་གྲུབ་ཆ་གཞན་སྒྱུར་དང་ཁེ་ལས་ཀྱི་ལས་གནས་དགོས་མཁོ་དང་ཟུང་འབྲེལ་བྱས་པ་དང་།  དམིགས་ཡུལ་ཡོད་པའི་སྒོ་ནས་སྐྱེལ་འདྲེན་འཕྲུལ་ཆས་དང་།    རླངས་འཁོར་ཁ་ལོ་བ།    ཁྱིམ་ལས་ཞབས་ཞུ།    འཚེམ་དྲུབ་སོགས་ཀྱི་གསོ་སྦྱོང་བྱས་པ་དང་། གྲོང་ཁྱེར་ཡོངས་ཀྱི་མགྲོན་ཁང་དང་ཟ་ཁང་།    རིག་གནས་ཡུལ་སྐོར།    འགྲིམ་འགྲུལ་སྐྱེལ་འདྲེན།    སྡེབ་ཚོང་དང་སིལ་ཚོང་སོགས་ལས་རིགས་ཁེ་ལས་ལ“ཐོན་སྐྱེད་ཞོར་ནས་གསོ་སྦྱོང་བྱེད་པའི”བྱ་འགུལ་སྤེལ་ནས་ནུས་རྩལ་ལ་བརྟེན་ནས་ལས་ཞུགས་བརྟན་བརླིང་བཏང་བའི་མི་གྲངས5752ཟིན་པ་དང་།     མིག་སྔའི་བར་ལས་མི39ཡིས་དྲ་ཐོག་ཚོང་དོན་ཀུང་སི་དང་གན་རྒྱ་བཞག་པའམ་ཡང་ན་གྲོག་མའི་ཞབས་ཞུའི་ས་ཚིགས་ལ་ཞབས་འདེགས་ཞུ་བཞིན་ཡོད་པ་རེད།  

མཚོ་ཤར་གྲོང་ཁྱེར་གྱིས་ད་དུང་ཧུར་ཐག་སྒོས་མཐའ་འཁོར་གྱི་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་དག་ལ་འབྲེལ་གཏུག་བྱེད་པའི་སྟེགས་བུ་གསར་སྐྲུན་བྱས་ཏེ། ནང་སོག་པའོ་ཐོའུ་གྲོང་ཁྱེར་དང་ངལ་རྩོལ་མཉམ་ལས་གྲོས་མཐུན་གན་རྒྱ་བཞག་ནས་མཚོ་ཤར་གྱི་ངལ་རྩོལ་ནུས་ཤུགས་ལྷག་མ་པའོ་ཐོའུ་གྲོང་ཁྱེར་དུ་ལས་ཞུགས་བྱ་རྒྱུར་ཁྲིད་སྟོན་དང་སྐུལ་འདེད་བྱས་པ་དང་། ཤར་ནུབ་མཉམ་ལས་ཀྱི་སྟེགས་བུ་བརྒྱུད་དེ་ལས་བཟོ་བ136ཝུའུ་ཤིས་གྲོང་ཁྱེར་དུ་སོང་ནས་ལས་ཞུགས་བྱས་པ་རེད།      མིག་སྔའི་བར་ནང་སོག་དང་པེ་ཅིན།    ཧྲང་ཧའེ།    ཀྲེ་ཅང་།    ཀོང་ཏུང་སོགས་ལ་ཡུལ་མི་ལས་བཟོ་བ་ཁྲི6.9སྐྱེལ་འདྲེན་བྱས་པ་དང་།    ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་དང་གྲོང་ཁྱེར་བརྒལ་ནས་ལས་ཞུགས་བྱེད་པར་མི་ཐེངས་ཁྲི་4.8ཟིན་ཡོད།     འགྲིམ་འགྲུལ་སྐྱེལ་འདྲེན་དང་ལྕགས་ལམ་འགྲུལ་སྐྱེལ། འཕྲོད་བསྟེན་བདེ་ཐང་སོགས་སྡེ་ཁག་དང་མཉམ་འགུལ་མཉམ་ལས་བྱས་ཏེ། གཅིག་གྱུར་སྒོས་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས40ཡིས་ཞིང་ཆེན་ནང་ཁུལ་གྱི་ས་གནས་སོ་སོ་རུ་ཡུལ་མི་ལས་བཟོ་བ3000ལྷག་ཙམ་སྐྱེལ་འདྲེན་བྱས་པ་དང་། ཆེད་མངགས་རླངས་འཁོར9རྩ་འཛུགས་བྱས་ཏེ་ཞིང་ཆེན་ཕྱིའི་འཐེན་ཐུག་ཟ་ཁང་དུ་ལས་མི360སྐྱེལ་འདྲེན་བྱས།     ལྕགས་ལམ་འགྲུལ་སྐྱེལ་འབབ་ཚུགས་དང་ས་གནས་རླངས་འཁོར་ས་ཚུགས་མཐུན་སྦྱོར་མཉམ་ལས་བྱས་ནས་ཡུལ་མི་ལས་བཟོ་བར་སྤ་སེ་ཉོ་སའི་ལྗང་མདོག་བགྲོད་ལམ་ཤར་གཏོང་བྱས།  །

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།