ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་ལུགས་རྙིང་ལོ་སར་སྐབས་སུ་ཙོང་ཆུའི་བཙོག་ཆུ་ཐག་གཅོད་གནས་ཚུལ་ལ་ལྐོག་ནས་ལྟ་ཞིབ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-01-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་ཉེར་དྲུག་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་གྱི་རྒྱལ་ཡོངས་ཀྱིས་ས་ངོས་ཀྱི་ཆུའི་སྤུས་ལེགས་ཀྱི་ཚད་བརྒྱ་ཆའི་བརྒྱ་ཡིན་པའི་ཞིང་ཆེན་གཅིག་པུའི་གྲུབ་འབྲས་སྲུང་འཛིན་བྱེད་པ་དང་། ཆུ་ཉུང་བའི་སྐབས་སུ་ཙོང་ཆུའི་བཞུར་བརྒྱུད་ཀྱི་ཆུ་གཤིས་གཏན་འཇགས་ཡོང་བར་འགན་སྲུང་བྱེད་ཆེད། ལུགས་རྙིང་ལོ་སར་སྐབས་སུ། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་བཙོག་ཆུའི་ཐག་གཅོད་གནས་ཚུལ་ལ་ལྐོག་ནས་ལྟ་ཞིབ་བྱེད་པའི་བྱ་བ་སྤེལ། 

མིག་སྔར་ཙོང་ཆུའི་བཞུར་བརྒྱུད་དེ་ཆུའི་བཞུར་རྒྱུན་ཉུང་བའི་དུས་སྐབས་སུ་འཁེལ་ཡོད་པ་དང་། ལུགས་རྙིང་ལོ་སར་སྐབས་སུ་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གྱིས་མི་སྣ་གཅིག་བསྡུས་དང་བྱ་འགུལ་ཇེ་མང་དུ་སོང་ནས། བཙོག་ཆུའི་ཐག་གཅོད་ལས་འགན་ལྗིད་པ་དང་། བཞུར་བརྒྱུད་ཀྱི་བཙོག་ཆུའི་ཐག་གཅོད་འགོག་བཅོས་གནོན་ཤུགས་ཇེ་ཆེར་སོང་ཡོད། དོན་དེར་དམིགས་ནས་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་ལྐོག་ནས་ལྟ་ཞིབ་བྱེད་པའི་ཚན་ཆུང་གཉིས་རྩ་འཛུགས་བྱས་ཤིང་། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གྱི་རྫོང་དང་ས་ཁུལ་བཅུ་རུ་སོང་སྟེ། ཡུལ་དངོས་ནས་ཟི་ལིང་གྲོང་ཁྱེར་བཙོག་ཆུ་ཐག་གཅོད་བྱེད་སའི་བཟོ་གྲྭ་དང་པོ་དང་། གསུམ་པ། བཞི་བ། ལྔ་བ། དྲུག་པ་བཅས་དང་། ཏོན་ཁྲོན་བཟོ་ལས་ར་བ། པེ་ཁྲོན་བཟོ་ལས་ར་བ། མཁར་ལྷོ་དང་སྟོང་སྐོར་རྫོང་གི་བཙོག་ཆུ་ཐག་གཅོད་བཟོ་གྲྭ་སོགས། དེ་མིན་མཚོ་ཤར་གྲོང་ཁྱེར་ཕེན་ཨན་ས་ཁུལ་དང་ལི་ཏུའུ་ས་ཁུལ། དཔའ་ལུང་རྫོང་མཚེ་མགུར་བཙོག་ཆུ་ཐག་གཅོད་བཟོ་གྲྭ་སོགས་སུ་སྒྲིག་ཆས་ཀྱི་འཁོར་སྐྱོད་གནས་ཚུལ་དང་དོ་དམ་གནས་ཚུལ་ལ་རྟོག་ཞིབ་བྱས་པར་མ་ཟད། བཙོག་ཆུའི་ཐག་གཅོད་བཟོ་གྲྭའི་ཆུའི་སྤུས་ཚད་ལ་ཡུལ་དངོས་ནས་དཔེ་བླངས་ནས་ལྟ་ཞིབ་ཚད་འཇལ་བྱས་པ་དང་། སྦགས་བཙོག་རྫས་ཀྱི་ཚད་མཐུན་ཕྱིར་གཏོང་དང་རྨ་ཆུའི་བཞུར་བརྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ཉེན་བརྡ་བཏང་བའི་ས་ཁུལ་དང་ཞིང་ཆེན་རིམ་པའི་སྐྱེ་ཁམས་ཁོར་སྲུང་ལྟ་ཞིབ་སོགས་ཞིབ་བཤེར་ཕྱིར་ལྡོག་གནད་དོན་ལེགས་བཅོས་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཏུ་བྱས། 

ལྐོག་ནས་ལྟ་ཞིབ་བྱེད་པའི་ཚན་ཆུང་གིས་ནན་གྱིས་བསྟན་དོན། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་ཙོང་ཆུའི་བཞུར་བརྒྱུད་ཀྱི་བཙོག་ཆུའི་འགོག་བཅོས་དང་ཆུའི་སྐྱེ་ཁམས་ཀྱི་སྲུང་སྐྱོབ་དེ་དྭངས་གཙང་གི་ཆུ་བོ་སྲུང་བའི་གནད་འགག་ཏུ་འཛིན་པ་རྒྱུན་འཁྱོངས་བྱས་ཤིང་། རིམ་པ་སོ་སོའི་སྲིང་གཞུང་གིས་སྐྱེ་ཁམས་ཁོར་སྲུང་གི་ཏང་སྲིད་འགན་གཅིག་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས་ཀྱི་ས་གནས་རང་གི་འགན་འཁྲི་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་བ་དང་། འབྲེལ་ཡོད་སྲིད་འཛིན་དོ་དམ་སྡེ་ཁག་གིས་ལྟ་རྟོག་དོ་དམ་འགན་འཁྲི་དངོས་འབེབས་བྱེད་པ། བཙོག་ཆུའི་ཐག་གཅོད་བཟོ་གྲྭའི་ལས་གཉེར་སྡེ་ཁག་གིས་བཙོག་ཆུའི་འགོག་བཅོས་ཀྱི་འགན་འཁྲི་གཙོ་བོ་ཐག་གཅོད་བྱས་ཏེ། མཉམ་དུ་དམ་འཛིན་དང་དོ་དམ་བྱེད་པའི་འགྲིལ་ཤུགས་ཆགས་པར་བྱེད་དགོས་པ་དང་། ནུས་པ་ཞན་པའི་ལས་རིམ་གནད་དུ་བཟུང་སྟེ། སྦུག་འབྲེལ་འཛུགས་སྐྲུན་ལེགས་བཅོས་དང་། བཙོག་ཆུ་དང་འདམ་ཟེགས་ཀྱི་ཐག་གཅོད་ནུས་པ་མཐོར་འདེགས་བྱེད་པ། ཞིང་སྡེའི་བཙོག་ཆུའི་ཐག་གཅོད་སྒྲིག་ཆས་ཀྱི་འཛུགས་སྐྲུན་དང་མཁར་གྲོང་གི་བཙོག་ཆུ་ཕྱིར་འདོན་སོགས་ཀྱི་དོ་དམ་བྱེད་ཐབས་ལ་གཅིག་འདོམས་སྐུལ་འདེད་བཏང་ནས། བཙོག་ཆུ་ཕྱིར་འདོན་གྱི་ཆོག་མཆན་ལམ་ལུགས་དངོས་འབེབས་ནན་མོ་བྱས་ནས། བཙོག་ཆུའི་གཅིག་སྡུད་ཐུབ་པ་དང་འཕྲལ་སྒྲུབ་ཐག་གཅོད་མྱུར་བ། སྒྲིག་ཆས་ཀྱི་འཁོར་སྐྱོད་བཟང་བ་སོགས་བཙོག་ཆུའི་ཐག་གཅོད་མ་ལག་ཆགས་པར་བྱེད་དགོས། 

བཙོག་ཆུའི་ཐག་གཅོད་བཟོ་གྲྭ་སོ་སོའི་ལས་གཉེར་སྡེ་ཁག་གིས་ཐག་གཅོད་བྱེད་ཐབས་ཀྱི་འཐུས་ཚང་རང་བཞིན་ལ་འགན་སྲུང་དང་སྒྲིག་ཆས་ཀྱི་ནུས་པ་མཐོར་འདེགས་བྱས་ནས། ཕྱིར་བཏང་བའི་ཆུའི་སྤུས་ཚད་གཏན་འཇགས་དང་ཚད་ལྡན་ཡོང་བ་མངོན་འགྱུར་བྱེད་པ་དང་། དུས་ངེས་མེད་དུ་ས་ཁོངས་རང་གི་ཆུའི་སྤུས་ཚད་ཀྱི་འགྱུར་ལྡོག་གནས་ཚུལ་ལ་དོ་སྣང་དང་ཉེན་བརྡ་གཏོང་བའམ་གནས་བབ་ཀྱི་དབྱེ་ཞིབ་ལ་ཤུགས་སྣོན་བྱས་ཏེ། དུས་ལྟར་ཡང་དག་པའི་སྒོ་ནས་བཙོག་ཆུ་ཕྱིར་གཏོང་གི་བྱེད་ཐབས་དངོས་འབེབས་བྱས་ནས་བཞུར་བརྒྱུད་ཀྱི་ཆུའི་ཁོར་ཡུག་ཉེན་ཁ་སྔོན་འགོག་བྱེད་དགོས། ལྟ་རྟོག་ཁྲིམས་ལྟར་ལ་ཤུགས་སྣོན་བྱས་ཏེ། ཚད་བརྒལ་གྱི་བཙོག་ཆུ་ཕྱིར་འདོན་སོགས་ཁོར་ཡུག་གི་ཁྲིམས་འགལ་བྱ་སྤྱོད་ཐག་གཅོད་ནན་མོ་བྱེད་པ་དང་། ལྟ་ཞིབ་དང་ཉིན་རྒྱུན་གྱི་སྐོར་ཞིབ་ལ་ཤུགས་སྣོན་སྒོས་རིགས་སྣ་ཚོགས་ཀྱི་གནད་དོན་ལེགས་བཅོས་བྱེད་པར་ལྟ་རྟོག་བྱས་ནས། ནུས་ལྡན་རྐྱེན་སྲོལ་འཛུགས་པར་སྐུལ་མ་བཏང་ནས་གནད་དོན་ཡང་བསྐྱར་འབྱུང་བར་སྔོན་འགོག་བྱེད་དགོས་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།