ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱིས་ནུས་ཤུགས་ཡོད་རྒུས་ལུགས་རྙིང་ལོ་སར་སྐབས་ཀྱི་བདེ་འཇགས་འགན་ལེན་ལས་དོན་ཡག་པོར་བསྒྲུབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-01-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྤྱིའི་བཀོད་སྒྲིག་གཞིར་བཟུང་ནས། ཞིང་ཆེན་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་དང་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན། ས་གནས་དང་འབྲེལ་ཡོད་ལས་ཁུངས་སོ་སོ་བཅས་ཀྱིས་གཙོ་གནད་ཁྱབ་ཁོངས་དང་གཙོ་གནད་ཁེ་ལས། གཙོ་གནད་དུས་མཚམས་བཅས་ལ་དམ་པོར་དམིགས་ཏེ། བདེ་འཇགས་ཉེན་ཁའི་འགལ་རྐྱེན་ཅི་རིགས་ལ་གྲལ་བཤེར་བཅོས་སྒྲིག་བྱ་རྒྱུ་དམ་འཛིན་བྱེད་ཡུལ་དུ་བཟུང་ནས། བཀོད་གཏོང་བཀོད་འདོམས་དང་ཁྲིམས་འཛིན་ཞིབ་བཤེར་ལ་ཤུགས་སྣོན་པ་དང་འཕྲལ་བསྟུན་སྔོན་ཇུས་དང་དོགས་ཟོན་བྱ་ཐབས་ཀྱི་ཆུ་ཚད་སྔར་ལས་མཐོ་རུ་བཏང་སྟེ། གནམ་ལོ་གསར་ཚེས་དང་ལུགས་རྙིང་ལོ་སར་སྐབས་ཀྱི་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས།

ས་གནས་དང་འབྲེལ་ཡོད་ལས་ཁུངས་སོ་སོས་ཁེ་ལས་སྟོང་དྲུག་དང་ཉིས་བརྒྱ་དོན་གསུམ་ལ་ཞིབ་བཤེར་བྱས་པ་དང་། གནད་དོན་གྱི་འགལ་རྐྱེན་སྟོང་དྲུག་དང་ལྔ་བརྒྱ་ཞེ་གསུམ་རྩད་ཆོད་ལ། གནད་དོན་བཅོས་སྒྲིག་བྱེད་ཚད་ཀྱིས་བརྒྱ་ཆའི་གྱ་དྲུག་དང་གྲངས་ཆུང་བདུན་ཟིན་ཡོད། ཟླ་དང་པོ་ནས་བཟུང་ཞིང་ཆེན་ཡོངས་སུ་ཐོན་སྐྱེད་བདེ་འཇགས་ཀྱི་དོན་རྐྱེན་དང་རང་བྱུང་གནོད་འཚེ་ཅུང་ཆེན་པོ་བྱུང་མེད་ཅིང་། བདེ་འཇགས་གནས་བབ་རྒྱུན་མཐུད་བརྟན་པོ་དང་སྔར་ལས་ཇེ་ལེགས་སུ་ཕྱིན་ཡོད།

གནམ་ལོ་གསར་ཚེས་ཀྱི་གུང་གསེང་སྐབས་སུའང་། ས་གནས་དང་ལས་ཁུངས་སོ་སོས་གཏེར་རི་དང་ཉེན་ཁ་ཡོད་པའི་རྫས་འགྱུར་ཐོན་རྫས། འབར་རླངས། འགྲིམ་འགྲུལ་སྐྱེལ་འདྲེན། གྲོང་ཁྱེར་གྱི་འཁོར་རྒྱུག དམིགས་བསལ་སྒྲིག་ཆས། མེ་གསོད་མེ་འགོག ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་སོགས་གཙོ་གནད་ཁྱབ་ཁོངས་དང་། སྨན་ཁང་རྒན་གསོ་ཁང་། བྱིས་པའི་ཕན་བདེ་གླིང་། ཡུལ་སྐོར་མཛེས་ལྗོངས་ཁུལ། བཟོ་གཏེར་ཉོ་ཚོང་ཁེ་ལས། གཞུང་ལམ་འགྲིམ་འགྲུལ། མི་ཚོགས་འདུ་འཛོམས་བྱེད་ཡུལ། ནགས་ཁུལ་དང་རྩྭ་ར་སོགས་གཙོ་གནད་དུ་བཟུང་ནས། ལས་ཀའི་སྔོན་ཇུས་དང་སྔོན་བཀོད་མི་སྣའི་སྟོབས་ཤུགས། སྐོར་སྐྱོད་ཞིབ་བཤེར། འགོག་ཟོན་བྱེད་ཐབས་དོན་འཁྱོལ་བཅས་ཀྱི་བྱེད་ཤུགས་ཆེ་རུ་བཏང་ནས། དུས་ཆེན་གྱི་སྐབས་སུ་བདེ་འཇགས་ཡོང་བར་འགན་ལེན་ནན་མོ་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།