མཚོ་སྔོན་གྱི2023ལོའི་རྒྱ་གྲམ་དམར་པོའི་བརྩེ་སེམས་ཁྱིམ་ཚང་ཁྲི་ལ་སྐྱེལ་ཅེས་པའི་བྱ་འགུལ་ཕྱོགས་ཡོངས་ནས་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2023ལོའི་ལུགས་རྙིང་ལོ་སར་ཐོན་ཉེ་བའི་སྐབས་སུ། མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པས་ཞིང་ཆེན་ཡོངས་ཀྱི་རྒྱ་གྲམ་དམར་པོ་ཚོགས་པའི་ཁོངས་གཏོགས་རྩ་འཛུགས་བྱས་ཏེ་རྒྱ་གྲམ་དམར་པོའི་བརྩེ་སེམས་ཁྱིམ་ཚང་ཁྲི་ལ་སྐྱེལ་ཅེས་པའི་བྱ་འགུལ་ཕྱོགས་ཡོངས་ནས་སྤེལ། བྱ་འགུལ་དེར་བསྡོམས་པས་མ་དངུལ་སྒོར་ས་ཡ་བརྒྱད་ཙམ་བཏང་སྟེ། མཚོ་སྔོན་གྱི་ཁྱིམ་ཚང་འབུམ་གཅིག་ཙམ་གྱི་འཚོ་བར་གནས་སྐབས་དཀའ་ཁག་ཡོད་པའི་མང་ཚོགས་ལ་དུས་ཆེན་གྱི་སྐབས་སུ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་། རྒྱ་གྲམ་དམར་པོ་ཚོགས་པའི་བརྩེ་སེམས་མྱོང་དུ་བཅུག 

ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་ཉིས་སྟོང་ཉེར་གསུམ་ལོའི་རྒྱ་གྲམ་དམར་པོའི་བརྩེ་སེམས་ཁྱིམ་ཚང་ཁྲི་ལ་སྐྱེལ་ཅེས་པའི་བྱ་འགུལ་ལ་བསྡོམས་པས་རིན་ཐང་སྒོར་ས་ཡ་ལྔ་དང་འབུམ་བཞི་ཙམ་གྱི་དྲོད་ཁོལ་སྐྱེལ་བའི་དངོས་རྫས་འབྱོར་ཡོད་པ་དང་། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོའི་འཚོ་བར་གནས་སྐབས་དཀའ་ཁག་ཡོད་པའི་མང་ཚོགས་སྐོར་ཞིག་གི་ལག་ཏུ་བསྐྱལ་ནས། མཚོ་སྔོན་གྱི་རིགས་སོ་སོའི་མང་ཚོགས་ལ་ཏང་དང་སྲིད་གཞུང་། རྒྱ་གྲམ་དམར་པོ། སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་གཞི་ཆེན་མོའི་དྲོད་ཁོལ་མྱོང་དུ་བཅུག 

ཟི་ལིང་གྲོང་ཁྱེར་རྒྱ་གྲམ་དམར་པོ་ཚོགས་པས་སེམས་ཞིབ་མོས་འཆར་འགོད་བྱས་ཤིང་སྒོར་འབུམ་གསུམ་ལྷག་བསྡུས་ཏེ། འབྲས་དང་བྱེ། བཟའ་སྣུམ་བཅས་སྟོང་གཅིག་དང་ལྔ་བརྒྱ་ལྷག་ཉོས་པ་དང་། རྫོང་དང་ས་ཁུལ་སོ་སོའི་རྒྱ་གྲམ་དམར་པོའི་ཚོགས་པ་དང་གྲོང་ཁྱེར་ཐད་གཏོགས་ཀྱི་འབྲེལ་ཡོད་ལས་ཁུངས་དང་མཉམ་འབྲེལ་བྱས་ནས། གཞི་རིམ་གྱི་སྡེ་བ་སོ་སོར་སོང་སྟེ། དུས་ཐོག་ཏུ་ཏང་དང་སྲིད་གཞུང་། དེ་མིན་སྤྱི་ཚོགས་ལས་རིགས་སོ་སོའི་ཐུགས་ཁུར་བརྩེ་སེམས་དེ་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་ཁྱིམ་དུ་བསྐྱལ། 

མཚོ་ཤར་གྲོང་ཁྱེར་རྒྱ་གྲམ་དམར་པོ་ཚོགས་པས་སྒོར་འབུམ་ལྔ་དང་ཁྲི་གཅིག་སྟོང་བཞི་བཏང་སྟེ། དུས་ཆེན་སྐབས་སུ་ལས་གནས་གཏན་སྲུང་བྱེད་པའི་སྤྱི་བདེ་དང་སྤྱི་སྤྱོད་རླངས་འཁོར། སྨན་བཅོས་ལས་ཁུངས་སོགས་རིམས་ནད་འགོག་སྡོམ་གྱི་ལས་ཡུལ་དང་པོའི་བྱ་བ་བྱེད་མཁན་དང་། གྲོང་ཁྱེར་དང་ས་ཁུལ་གྱི་འཚོ་བར་དཀའ་ཁག་ཆེ་བའི་མང་ཚོགས་ལ་དགུན་ལྭ་དང་ཉལ་ཐུལ། སྨན་རྫས། ཁ་ཐུམ། དུག་སེལ་དངོས་རྫས་སོགས་རིམས་འགོག་དང་འཚོ་བའི་མཁོ་དངོས་བསྐྱལ། 

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་རྒྱ་གྲམ་དམར་པོ་ཚོགས་པས་སྒོར་ཁྲི་གཅིག་གི་རྒྱ་གྲམ་དམར་པོའི་སློབ་རོགས་མ་དངུལ་བྱིན་ནས། འཚོ་བར་དཀའ་ཁག་ཡོད་པའི་ཁྱིམ་ཚང་གི་བྱིས་པ་ཉི་ཤུར་དྲོད་ཁོལ་བསྐྱལ། 

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྒྱ་གྲམ་དམར་པོ་ཚོགས་པས་ལུགས་གསར་ལོ་སར་དང་ལུགས་རྙིང་ལོ་སར་གྱི་སྐབས་སུ། རྒྱ་གྲམ་དམར་པོའི་བརྩེ་སེམས་ཁྱིམ་ཚང་ཁྲི་ལ་སྐྱེལ་ཅེས་པའི་བྱ་འགུལ་སྤེལ་དེ་ཁུལ་ཡོངས་ཀྱི་དྲོད་ཁོལ་སྐྱེལ་བའི་བྱ་འགུལ་ནང་བཞག་སྟེ། སྲིད་གཞུང་གིས་སེམས་ཁུར་བྱེད་པ་དང་མང་ཚོགས་ལ་དགོས་མཁོ་ཆེ་བ། རྒྱ་གྲམ་དམར་པོ་ཚོགས་པས་བསྒྲུབ་ནུས་པ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཤིང་། ཤུགས་ཆེན་པོས་མི་ཆོས་དང་བརྩེ་བ། གཏོང་ཕོད་བཅས་ཀྱི་རྒྱ་གྲམ་དམར་པོའི་སྙིང་སྟོབས་དར་སྤེལ་བྱས་ཏེ། དཀའ་ཁག་ཆེ་བའི་མང་ཚོགས་ལ་མཁོ་ཞིང་རེ་སྒུག་བྱེད་པར་གཞིགས་ཏེ་མ་དངུལ་སྒོར་འབུམ་བཞི་དང་ཁྲི་བཞི་སྟོང་བརྒྱད་དྲུག་བརྒྱ་བསྡུས་ཏེ། དགུན་ལྭ་དང་ཉལ་ཐུལ། འབྲས། ཕྱེ། བཟའ་སྣུམ་སོགས་འཚོ་བའི་མཁོ་དངོས་དང་། ཁ་ཐུམ་དང་རིམས་འགོག་སྨན་རྫས། དུག་སེལ་སྨན་རྫས་སོགས་ཉོས་ནས། རྒྱ་གྲམ་དམར་པོའི་བརྩེ་སེམས་ཁྱིམ་ཚང་ཁྲི་ལ་སྐྱེལ་ཅེས་པའི་བྱ་འགུལ་སྤེལ། 

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྒྱ་གྲམ་དམར་པོ་ཚོགས་པས་སྒོར་འབུམ་གསུམ་དང་ཁྲི་གཉིས་བསྡུས་ཏེ། འབྲས་དང་བཟའ་སྣུམ། ཀ་ར་སོགས་ཀྱི་འཚམས་འདྲིའི་དངོས་པོ་ཉོས་ནས་དཀའ་ཁག་ཆེ་བའི་མང་ཚོགས་དང་རྒྱ་གྲམ་དམར་པོའི་དང་བླངས་པ་སོགས་ལ་འཚམས་འདྲི་བྱས། 

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱི་རྒྱ་གྲམ་དམར་པོ་ཚོགས་པས་སྲིད་གཞུང་གི་མི་ཆོས་ལས་རོགས་པའི་འགན་ནུས་ལག་བསྟར་བྱས་པ་དང་། ཕྱོགས་མང་བོ་ནས་མ་དངུལ་བསྡུས་ཏེ། རིགས་སྣ་ཚོགས་ཀྱི་འཚོ་བའི་མཁོ་དངོས་དང་འཚམས་འདྲིའི་དངོས་པོ་སོགས་ཉོས་ནས། ས་གནས་རང་གི་མང་ཚོགས་ལ་རྒྱ་གྲམ་དམར་པོའི་བརྩེ་སེམས་ཁྱིམ་ཚང་ཁྲི་ལ་སྐྱེལ་ཅེས་པའི་བྱ་འགུལ་སྤེལ་བ་རེད། 

རྒྱུས་ལོན་བྱུང་བ་ལྟར་ན། རྒྱ་གྲམ་དམར་པོའི་བརྩེ་སེམས་ཁྱིམ་ཚང་ཁྲི་ལ་སྐྱེལ་ཅེས་པའི་བྱ་འགུལ་དེ་ཉིས་སྟོང་ལོ་ནས་བཟུང་རང་ཞིང་ནས་སྤེལ་མགོ་བརྩམས་པའི་ཚུན་ལ། བསྟུད་མར་ལོ་ངོ་ཉེར་གསུམ་ལ་སྤེལ་བ་དང་། བསྡོམས་པས་རིམ་བརྩིས་ཀྱིས་རྒུད་སྐྱོབ་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཉིས་ལས་བརྒལ་བ་དང་། ཁེ་ཕན་ཐོབ་པའི་མང་ཚོགས་མི་ཐེངས་ས་ཡ་གཅིག་དང་འབུམ་དྲུག་ཁྲི་ལྔར་བསླེབས་ཡོད་ལ། བྱ་འགུལ་དེ་རྒྱ་གྲམ་དམར་པོ་ཚོགས་པས་སྤྱི་ཚོགས་འཆམ་མཐུན་ལ་སྐུལ་འདེད་དང་འགན་སྲུང་བྱེད་པའི་སྐད་གྲགས་ཅན་གྱི་བྱ་འགུལ་ཞིག་ཏུ་གྱུར་ཡོད་པ་རེད།  ། 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།