ཀྲུང་གོ་བོད་ཀྱི་དྲ་བ།

ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་རྟ་ཐང་རྫོང་དུ་སོང་ནས་གནོད་ཐེབས་མང་ཚོགས་དང་གཞི་རིམ་གྱི་ལས་བྱེད་པ་དང་ལས་བཟོ་བར་འཚམས་འདྲི་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-01-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས21ཉིན་ནི་ལུགས་རྙིང་ལོ་སར་གྱི་གནམ་གང་ཡིན་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གཉིས་ཟི་ལིང་གྲོང་ཁྱེར་རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་དུ་སོང་ནས། ན་ནིང་ཟླ་བརྒྱད་པའི་ཚེས་བཅོ་བརྒྱད་ཉིན་གྱི་ཆུ་ལོག་གི་འཇིགས་པའི་ཁྲོད་གནོད་འཚེ་ཐེབས་པའི་མང་ཚོགས་དང་དཀའ་ཁག་ཅན་གྱི་ཏང་ཡོན་ལ་འཚམས་འདྲི་བྱས་པ་དང་། གནོད་ཐེབས་རྗེས་ཀྱི་བསྐྱར་འཛུགས་བྱ་བར་རྟོག་ཞིབ་བྱས་པར་མ་ཟད། དུས་ཆེན་སྐབས་སུ་ལས་གནས་གཏན་སྲུང་བྱེད་པའི་ལས་བྱེད་པ་དང་ལས་བཟོ་བར་འཚམས་འདྲི་བྱས། 

ཟླ་ངོ་ལྔའི་ཡར་སྔོན་དུ་རྟ་ཐང་རྫོང་གི་ཆིན་ལིན་ཡུལ་ཚོ་དང་། ཆིན་ཧྲན་ཡུལ་ཚོ་ལ་དུས་ཡུན་ཐུང་ངུའི་དྲག་ཆར་བབས་ཏེ། ཆུ་ལོག་གི་འཇིགས་པ་བྱུང་ནས་མང་ཚོགས་ལ་གནོད་འཚེ་ཐེབས་པ་རེད། ད་ལྟ་ས་དེའི་མང་ཚོགས་ཀྱི་སྡོད་ཁང་བསྐྱར་འཛུགས་བྱས་པའི་གནས་ཚུལ་ཅི་འདྲ་ཡིན་པ་དང་ཡུལ་མི་རྣམས་བློ་སེམས་བདེ་མོས་ལོ་སར་ལ་རོལ་ཐུབ་ཡོད་དམ། ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་ཁྱེར་ནས། ཆིན་ཧྲན་ཡུལ་ཚོའི་ཧི་ཅཱ་གྲོང་སྡེ་བར་སོང་ནས་རྟོག་ཞིབ་དང་འཚམས་འདྲི་བྱས་ཏེ། གནོད་ཐེབས་རྗེས་ཀྱི་བསྐྱར་འཛུགས་བྱ་བར་རྒྱུས་ལོན་ཞིབ་མོ་བྱས། གནོད་ཐེབས་མང་ཚོགས་དག་གཅིག་གྱུར་འཆར་འགོད་དང་གཅིག་གྱུར་འཛུགས་སྐྲུན་བྱེད་པ་དང་གཅིག་གྱུར་འཆར་འགོད་དང་སྒེར་གྱིས་འཛུགས་སྐྲུན་བྱེད་པའི་ཐབས་ཀྱིས་བཀོད་སྒྲིག་བྱས་ཡོད་པ་ཤེས་རྗེས། ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གྱིས་ཁས་ལེན་གང་ལེགས་བྱས་པ་དང་། འཆར་འགོད་གང་ལེགས་བྱེད་པ་དང་ཚན་རིག་ལྟར་ས་གནས་བདམས་པ། བདེ་འཇགས་ངང་འཛུགས་སྐྲུན་བྱེད་པ། སྤུས་ཚད་ལ་འགན་སྲུང་བྱེད་པ། ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་ནུས་པ་དང་ཏང་ཡོན་གྱི་སྣེ་ཁྲིད་དཔེ་སྟོན་ནུས་པ། མི་དམངས་མང་ཚོགས་ཀྱི་གཙོ་ཤུགས་ནུས་པ་བཅས་འདོན་སྤེལ་གང་ལེགས་བྱས་ཏེ། གནོད་ཐེབས་མང་ཚོགས་ལ་བྱེད་ནུས་འཐུས་ཚང་ཞིང་ཆ་ཚང་ལ། སྟབས་བདེ་དངོས་བཀོལ་ཅན་གྱི་ཁྱིམ་གཞིས་སྐྱིད་པོ་ཞིག་འཛུགས་སྐྲུན་བྱས་ནས། ཏང་དང་སྲིད་གཞུང་གི་དྲོད་ཁོལ་མང་ཚོགས་ལ་ཚོར་དུ་འཇུག་དགོས་པ་ནན་གྱིས་བསྟན། གནོད་ཐེབས་ཀྱི་དཀའ་ཁག་ཅན་གྱི་ཏང་ཡོན་ཝང་ཡུང་ཧོང་དང་མང་ཚོགས་ཧི་ཅུན་ཁྲིན་གཉིས་ཡིད་འགུལ་ཐེབས་ཏེ་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རྟག་ཏུ་ང་ཚོར་ཐུགས་ཁུར་བྱས་པར་བཀའ་དྲིན་ཆེ་ཟེར། ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གྱིས་ཁོ་ཚོ་དང་ཁོ་ཚོའི་ཁྱིམ་མིར་ལོ་སར་གྱི་སྨོན་འདུན་ཞུས་པ་དང་། ཁྱིམ་ཚང་གི་གནོད་ཐེབས་གནས་ཚུལ་དང་ཁྱིམ་ཚང་གི་ཡོང་འབབ། འཚོ་བའི་ཐད་ཀྱི་དཀའ་ཁག་སོགས་ཞིབ་ཏུ་དྲིས་པར་མ་ཟད། ཁོ་ཚོས་ཏང་ཨུ་དང་སྲིད་གཞུང་གི་རོགས་རམ་འོག་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་བྱས་ཏེ། རང་གི་ལག་ཟུང་ལ་བརྟེན་ནས་ཁྱིམ་གཞིས་བསྐྱར་འཛུགས་བྱས་ཏེ་འཚོ་བ་ཡར་རྒྱས་སུ་གཏོང་དགོས་པའི་སྐུལ་མ་བཏང་། 

ཆིན་ཧྲན་ཡུལ་ཚོའི་ལེ་ཧྲོན་སྡེ་བའི་འཕྲོད་བསྟེན་ཁང་དང་དམངས་ཕན་ཞབས་ཞུའི་ཚོམས་ཆེན་ནས། ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གྱིས་སྨན་བཅོས་མི་སྣ་དང་ཚོམས་ཆེན་གྱི་ལས་བྱེད་མི་སྣར་དུས་ཆེན་གྱི་འཚམས་འདྲི་བྱས་པ་དང་། སྡེ་བའི་འཕྲོད་བསྟེན་ཁང་གིས་མང་ཚོགས་ཀྱི་རྩ་བའི་གནས་ཚུལ་གསལ་བོར་ཤེས་པ་དང་སྨན་རྫས་ཀྱི་གསོག་འཇོག་འདང་ཚིམས་པ། ཀྲུང་ལུགས་དང་ནུབ་ལུགས་གསོ་རིག་ཟུང་འབྲེལ་གྱི་གསོ་བཅོས་ལག་བསྟར་བྱེད་པ་སོགས་ལ་ཁས་ལེན་གང་ལེགས་བྱས་པ་དང་། ཁོ་ཚོས་རིམས་ནད་འགོག་སྡོམ་བྱ་བའི་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱས་པར་བཀའ་དྲིན་ཞུས། རིམ་པ་སོ་སོའི་སྨན་བཅོས་སྡེ་ཁག་གིས་ལས་རེས་ལས་གནས་གཏན་སྲུང་ལྷོད་མི་རུང་བ་དང་། བྲེལ་མྱུར་སྐྱོབ་བཅོས་ལ་འགོར་འགྱངས་བྱེད་མི་རུང་བ། མང་ཚོགས་ཀྱི་ནད་སྟོན་བརྟག་དཔྱད་དང་འཕྲོད་བསྟེན་ཞབས་ཞུ། རིམས་ནད་འགོག་སྡོམ་སོགས་ཀྱི་དགོས་མཁོར་འགན་སྲུང་བྱས་ནས། མང་ཚོགས་ཀྱི་བདེ་ཐང་སྲུང་དགོས་པ་ནན་གྱིས་བསྟན། རྟ་ཐང་རྫོང་ཆའོ་ཐིག་གྲོང་རྡལ་ཁྱིམ་གཅིག་ལྟར་བརྩེ་ཞེས་པའི་ཚོང་རའི་ནང་མི་མང་བོ་འགྲོ་འོང་བྱེད་པ་དང་། ཚོང་ཟོང་བཤམས་སྟེགས་སྟེང་གི་ཚོང་རྫས་སྣ་མང་ཕུན་སུམ་ཚོགས། ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཚོང་རྫས་ཀྱི་རིན་གོང་དང་ཕྱིར་འཚོང་གི་ཚད་སོགས་གནས་ཚུལ་ཞིབ་ཏུ་དྲིས་པ་དང་། འབྲུ་རིགས་དང་བཟའ་སྣུམ། ཤ་རིགས། བྱ་སྒོང་། སྔོ་ཚལ། འོ་མ། སིལ་ཏོག་སོགས་དམངས་འཚོའི་ཚོང་རྫས་གལ་ཆེན་གྱི་མཁོ་འདོན་ལ་ཤུགས་སྣོན་བྱས་ཏེ། ཚོང་ཟོང་གི་ཐོན་ཁུངས་འདང་ཚིམས་པ་དང་རིགས་སྣ་མང་བ། རིན་གོང་གཏན་འཇགས་ཡོང་བར་ཁག་ཐེག་བྱས་ནས། མང་ཚོགས་ཀྱི་དུས་ཆེན་སྐབས་ཀྱི་འཛད་སྤྱད་དགོས་མཁོ་བསྐང་དགོས་པ་དང་། ཚོང་རའི་འགན་འཁུར་བས་བདེ་འཇགས་དོ་དམ་འགན་འཁྲི་དངོས་འབེབས་ནན་མོ་བྱེད་པ་དང་སྤྱི་བའི་ཚོགས་རའི་རིམས་ནད་འགོག་སྡོམ་གྱི་རེ་བ་དངོས་འབེབས་བྱས་ནས། མང་ཚོགས་ལ་བདེ་འཇགས་དང་གོ་རིམ་ལྡན་པའི་ཉོ་ཚོང་ཁོར་ཡུག་ཅིག་བསྐྲུན་དགོས་པའི་སྐུལ་མ་བཏང་། རྟ་ཐང་རྫོང་མཚོ་སྔོན་དབྱེ་ཧྭ་རྫས་འགྱུར་བཟོ་ལས་ཚད་ཡོད་འགན་འཁྲིའི་ཀུང་ཟི་ནས། ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཁེ་ལས་ཀྱི་ཐོན་སྐྱེད་ཚོང་གཉེར་དང་བདེ་འཇགས་ཐོན་སྐྱེད་གནས་ཚུལ་ལ་ལྟ་རྟོག་མཛུབ་སྟོན་བྱས་ཤིང་། ཉེ་སྔོན་རྒྱལ་ཡོངས་ཀྱི་རིགས་སོ་སོའི་དོན་རྐྱེན་གྱི་བསླབ་བྱ་བསྡུ་ལེན་བྱས་ཏེ་ནུས་ཤུགས་ཡོད་དགུས་ཐོན་སྐྱེད་དམ་འཛིན་བྱེད་པའི་ཞོར་དུ་དུས་ངེས་མེད་དུ་སེམས་ཞིབ་མོས་བདེ་འཇགས་དམ་འཛིན་བྱེད་དགོས་པ་དང་། ལྷོད་ཡངས་དང་སྣང་ཆུང་གི་བསམ་བློ་མཐའ་གཅིག་ཏུ་ཁྱད་བསལ་བྱེད་དགོས་ལ། སྔར་ལས་ལྷག་པའི་སྒོ་ནས་མི་མངོན་པའི་ཉེན་ཁའི་རྩད་ཞིབ་ལེགས་སྒྲིག་བྱ་བར་ཤུགས་སྣོན་བྱེད་པ་དང་། ཟོལ་མེད་ཀྱིས་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་སྣ་ཚོགས་དངོས་འབེབས་བྱས་ཏེ་ཁེ་ལས་ཀྱི་ཐོན་སྐྱེད་བྱ་འགུལ་གྱི་བདེ་འཇགས་དང་གཏན་འཇགས་གོ་རིམ་ལྡན་པར་འགན་སྲུང་བྱེད་དགོས་ཟེར། 

ཞིང་ཆེན་གྱི་མགོ་ཁྲིད་པ་ཁྲིན་རོས་ཧྥུན་དང་ཀྲུའུ་ཞང་ཧྥུན་འཚམས་འདྲིའི་བྱ་འགུལ་ལ་ཞུགས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།