ཀྲུང་གོ་བོད་ཀྱི་དྲ་བ།

ཚེ་རིང་ཐར་གྱིས་ཞིང་སྡེ་དང་འབྲོག་ཁུལ་གྱི་རིམས་ནད་འགོག་སྡོམ་བྱ་བར་རྟོག་ཞིབ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-01-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་། ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་སྟོང་སྐོར་རྫོང་ཉི་ཟླ་ཡུལ་ཚོ་འཕྲོད་བསྟེན་ཁང་དང་། གུང་ཧོ་རྫོང་རིག་སྨོན་གྲོང་རྡལ་འཕྲོད་བསྟེན་ཁང་། ཧེ་ཡན་རྫོང་གསེར་ཐང་ཡུལ་ཚོ་དུང་ཟླ་སྡེ་བའི་འཕྲོད་བསྟེན་ཁང་སོགས་སུ་སོང་ནས། ཞིང་འབྲོག་ཁུལ་གྱི་རིམས་ནད་འགོག་སྡོམ་བྱ་བའི་ལས་ཡུལ་དང་པོ་རུ་བྱ་བ་སྒྲུབ་པའི་ལས་བྱེད་པ་དང་ལས་བཟོ་བར་མཚམས་འདྲི་བྱས་ཏེ། སྨན་རྫས་འདོན་སྤྲོད་དང་ནད་པར་བརྟག་བཅོས། ལས་སྲུང་སོགས་ཕྱོགས་ཀྱི་གནས་ཚུལ་རྒྱུན་ལོན་ཞིབ་མོ་བྱས།

ཚེ་རིང་ཐར་གྱིས་ནན་གྱིས་བསྟན་དོན། རིམས་ནད་འགོག་སྡོམ་བྱེད་ཐབས་ལེགས་སྒྲིག་བྱས་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆེས་ཐུགས་ཁུར་གནང་ས་ནི་ཞིང་སྡེ་དང་རྒྱ་ཆེའི་ཞིང་བ་མང་ཚོགས་རེད། ཞིང་འབྲོག་ཁུལ་གྱི་རིམས་ནད་འབྱུང་ཚད་མཐོ་ཤོས་དེ་ཡོལ་ཟིན་ནའང་། གཏན་ནས་ལྷོད་གཡེང་བྱེད་མི་ཉན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ཡིད་ལ་བཟུང་ནས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་ལྟར། མིག་སྔའི་གཙོ་གནད་བྱ་བ་དངོས་སྒྲུབ་ནན་འཛིན་དང་། ཞིང་འབྲོག་ཁུལ་དུ་རིམས་ནད་ཡང་བསྐྱར་མི་འབྱུང་བར་འགོག་སྲུང་དམ་པོ་བྱེད་དགོས། དུས་ཆེན་སྐབས་སུ་སྨན་བཅོས་ལས་ཁུངས་རྒྱུན་ལྡན་ལྟར་འཁོར་སྐྱོད་བྱས་ཏེ། སྨན་བཅོས་ཞབས་ཞུ་སྣ་ཚོགས་རྒྱུན་མི་ཆད་པ་བྱེད་དགོས། རིམ་པ་ལྔའི་ཧྲུའུ་ཅིས་འགོག་སྡོམ་བླང་བྱ་ནན་འཛིན་བྱེད་པ་ཕྱོགས་ཡོངས་ནས་དངོས་འབེབས་བྱེད་པ་དང་། རིམས་ནད་འགོག་སྡོམ་གྱི་མཇུག་མཐའི་སྤྱི་ལེ་གཅིག་ལ་སླེབས་པ། སྨན་རྫས་སོགས་སྨན་བཅོས་དངོས་ཟོག་གྲོང་གསེབ་དུ་ཐོན་པར་སྐུལ་འདེད་བཏང་ནས། ལུགས་རྙིང་ལོ་སར་དུས་སུ་དགོས་མཁོ་ཅན་གྱི་མང་ཚོགས་ལ་སྨན་འཐུང་རྒྱུ་ཡོད་པ་དང་ནད་སྟོན་ཐུབ་པ། སྨན་ཁང་དུ་འདུག་ཐུབ་པ་བཅས་ལ་ཁག་ཐེག་བྱེད་དགོས། དུས་ཆེན་སྐབས་ཀྱི་རིམས་ནད་འགོག་སྡོམ་དང་། དངོས་གོང་བརྟན་འཇགས། དཀའ་ཁག་ཅན་གྱི་མང་ཚོགས་ལ་རོགས་རམ་བྱེད་པ་སོགས་ཀྱི་བ་བྱར་གཅིག་གྱུར་བཀོད་འདོམས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱིས་བདེ་ཞིང་སྐྱིད་པའི་ལོ་སར་ཞིག་རོལ་ཐུབ་པར་ཁག་ཐེག་བྱེད་དགོས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།