ཝང་ལིན་ཧུའུ་ཡིས་ལུགས་རྙིང་ལོ་སར་སྐབས་ཀྱི་བདེ་སྲུང་གཏན་འཇགས་བྱ་བར་ལྟ་སྐུལ་ཞིབ་བཤེར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ལིན་ཧུའུ་ཟླ་དང་པོའི་ཚེས་ཉི་ཤུ་ཉིན་གྱི་ཕྱི་དྲོར་ཟི་ལིང་གྲོང་ཁྱེར་དུ་སོང་ནས་ཡུལ་དངོས་ནས་ལུགས་རྙིང་ལོ་སར་སྐབས་ཀྱི་བདེ་སྲུང་གཏན་འཇགས་བྱ་བར་ལྟ་སྐུལ་ཞིབ་བཤེར་བྱས། ཁོས་ནན་གྱིས་བསྟན་དོན། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལག་ལེན་དངོས་འབེབས་བྱེད་པ་དང་། ལུགས་རྙིང་ལོ་སར་སྐབས་ཀྱི་བདེ་སྲུང་གཏན་འཇགས་བྱ་བ་གནད་དུ་བཟུང་ནས་ལྷག་བསམ་རྣམ་དག་གིས་འགན་འཁྲི་ལག་བསྟར་དང་རང་འགུལ་གྱིས་ཁག་ཁུར་བྱས་ཏེ། ཏང་དང་མི་དམངས་ཀྱི་ཆེད་དུ་ལས་གནས་གཏན་སྲུང་དང་འགན་འཁྲི་ལག་བསྟར་གང་ལེགས་བྱས་ནས། ཞིང་ཆེན་ཡོངས་ཀྱི་མི་དམངས་མང་ཚོགས་དག་སྤྲོ་སྐྱིད་ཀྱི་ལུགས་རྙིང་ལོ་སར་ཅིག་རོལ་བར་བདེ་འཇགས་དང་གཏན་འཇགས་ཀྱི་ཆབ་སྲིད་སྤྱི་ཚོགས་ཁོར་ཡུག་བསྐྲུན་དགོས་ཟེར། 

ཝང་ལིན་ཧུའུ་སྔ་གཞུག་ཏུ་ཞིང་ཆེན་སྤྱི་བདེ་ཐིན་གྱི་གནམ་གྲུ་ཐང་སྤྱི་བདེ་ཅུའུ་དང་། ཞིང་ཆེན་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་མྱུར་བགྲོད་གཞུང་ལམ་ཡན་ལག་རུ་ཆེན་དྲུག་པ། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་མཁར་ཤར་ཡན་ལག་ཅུའུ་མེ་འཁོར་ས་ཚིགས་ཐང་ཆེན་གྱི་མངག་གཏོང་ཁང་བཅས་སུ་སོང་སྟེ། དམག་མིའི་བཀོད་སྒྲིག་དང་ལས་རེས་ཀྱི་བཀོད་སྒྲིག འགྲུལ་སྐྱེལ་གྱི་ཚད། དམངས་ཕན་ཞབས་ཞུ་སོགས་ཀྱི་གནས་ཚུལ་ཞིབ་ཏུ་དྲིས་པ་དང་། ལས་ཡུལ་དང་པོར་ལས་རེས་བྱེད་པའི་སྤྱི་བདེ་དམག་མིར་འཚམས་འདྲི་བྱས་པ་དང་ལོ་སར་གྱི་སྨོན་འདུན་ཞུས། ཁོས་ནན་གྱིས་བསྟན་དོན། ཚན་རིག་ལྟར་དབྱེ་ཞིབ་དང་གནས་བབ་ལ་གཞིགས་ནས་ལོ་སར་སྐབས་ཀྱི་འགྲིམ་འགྲུལ་བདེ་འཇགས་གནས་བབ་ལ་བརྡར་གཅོད་བྱས་ཏེ། རིགས་སྣ་ཚོགས་ཀྱི་བདེ་འཇགས་ཉེན་ཁ་རང་འགུལ་གྱིས་ཐག་གཅོད་དང་དོགས་ཟོན་བྱས་ནས། མི་དམངས་མང་ཚོགས་ཀྱི་འགྲུལ་བཞུད་ལ་ཤུགས་ཆེན་པོས་འགན་སྲུང་བྱེད་དགོས། དུས་ངེས་མེད་དུ་བདེ་སྲུང་གཏན་འཇགས་དམ་དུ་བཟུང་ནས་ཉིན་རེའི་གཏོང་བཀོད་ལ་ཤུགས་སྣོན་པ་དང་། ཚན་རིག་དང་མཐུན་པར་དམག་མི་བཀོད་སྒྲིག་བྱེད་དགོས་ལ། ཕྱོགས་ཡོངས་ནས་འཇིགས་སྐུལ་ངོ་རྒོལ་འཐབ་རྩོད་ཀྱི་བྱེད་ཐབས་སྣ་ཚོགས་དང་སྐར་མ་གཅིག་གསུམ་ལྔའི་ནང་འཕྲལ་དུ་འགུལ་སྐྱོད་སྤེལ་བའི་རྐྱེན་སྲོལ་དངོས་འབེབས་བྱས་ནས། ཐོལ་བྱུང་གནད་དོན་ཐག་གཅོད་བྱེད་པའི་ནུས་པ་དང་ཆུ་ཚད་མཐོར་འདེགས་བྱེད་དགོས། གཏན་སྲུང་བྱེད་པར་འགན་འཁྲི་ཡོད་པ་དང་གཏན་སྲུང་བྱེད་པར་འགན་འཁྲི་ཁུར་དུ་ལེན་པ། གཏན་སྲུང་བྱེད་པར་ནུས་པ་ཅི་ལྕོགས་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ཤིང་། རིམ་པ་བཞིན་དུ་ནན་སྐུལ་དང་འགན་འཁྲིའི་སྦྲེལ་ཐག་དམ་འཛིན་བྱེད་དགོས་པ་དང་། ཤུགས་ཆེན་པོས་ཉེན་ཁའི་སྔོན་འགོག་དང་བདེ་འཇགས་འགན་སྲུང་། གཏན་འཇགས་སྲུང་བའི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབས་ཏེ། ཧུར་ཐག་སྒོས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་བྱ་བར་འགན་སྲུང་བྱེད་དགོས་ཟེར།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།