ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ལུགས་རྙིང་ལོ་སར་དུས་ཆེན་གྱི་ལྷན་འཛོམས་རྟེན་འབྲེལ་ཚོགས་འདུ་འཚོགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2023-01-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས20ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཟི་ལིང་དུ་ལུགས་རྙིང་ལོ་སར་དུས་ཆེན་གྱི་ལྷན་འཛོམས་རྟེན་འབྲེལ་ཚོགས་འདུ་འཚོགས། ཞིང་ཆེན་ཏང་སྲིད་དམག་གསུམ་གྱི་མགོ་ཁྲིད་དང་ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣའི་འཐུས་མིས་ལོ་རྙིང་སྐྱེལ་བ་དང་ལོ་གསར་བསུ་ནས། མཉམ་དུ་དུས་ཆེན་ལ་རྟེན་འབྲེལ་ཞུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་ཤིས་ཚིག་ཕུལ་བ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཚོགས་འདུར་མགོ་འཛིན་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཚོགས་འདུར་ཞུགས།

ཁྲིན་ཀང་གིས་ཤིས་ཚིག་ཁྲོད་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་ཚབ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་དང་མཚོ་སྔོན་གྱི་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་མཁན་གྱི་གྲོགས་པོ་ཚོར་ལུགས་རྙིང་ལོ་སར་ལ་སྨོན་འདུན་བཟང་པོ་ཞུས། ཁྲིན་ཀང་གིས་བཤད་རྒྱུར། འདས་མ་ཐག་པའི་ཉིས་སྟོང་ཉེར་གཉིས་ལོ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་སྟེང་ནས་བཤད་ན་གལ་འགངས་ཤིན་ཏུ་ཆེ་བའི་ལོ་ཞིག་ཡིན་ལ། མཚོ་སྔོན་འཕེལ་རྒྱས་ཀྱི་ལོ་རྒྱུས་སྟེང་ནས་བཤད་ནའང་ཆེས་སྤྱིར་བཏང་མིན་པའི་ལོ་ཞིག་ཀྱང་ཡིན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་ནས་ལོ་གཅིག་འཁོར་བ་སྒུལ་ཤུགས་སུ་བརྩིས་ཏེ། མངགས་བཅོལ་བློ་ལ་བརྟན་པོར་ངེས་པར་བྱེད་པ་དང་བཀའ་དྲིན་ཚོར་བར་བྱས་ནས། འབད་འབུངས་ཡར་བརྩོན་སྒོས་བློ་བརྟན་འགྱུར་མེད་ངང་བསྐྱོད་པ་དང་ལས་དོན་ཕུན་སུམ་ཚོགས་པོའི་ངང་བསྒྲུབས་ཡོད། ང་ཚོས་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་སྟེང་གི་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་དོན་ཆེན་བརྒྱུད་མྱོང་བ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུས་པར་མཉམ་དུ་བདེན་དཔང་བྱས་ཤིང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ། ཀྲུང་ཧྭའི་བུ་དང་བུ་མོ་དུང་ཕྱུར་མང་པོའི་སེམས་པ་གཅིག་སྡུད་བྱས་ཡོད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཀྱི་མཚོ་སྔོན་གྱི་ལེའུ་ཁྱོན་ཡོངས་ནས་བསྐྲུན་རྒྱུའི་སྐུལ་སློང་བཀའ་རྒྱ་བཏང་བ་དང་། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་ཇུས་འགོད་གནང་བའི་འཆར་གཞི་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་སྐྲུན་པའི་འཆར་འགོད་དཔེ་རིས་དང་ལས་འགན་ཡི་གེ་ཞིབ་ཚགས་སུ་བསྒྱུར། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བརྗོད་དོན་གཙོ་བོ་དམ་འཛིན་བྱས་པ་དང་། “ཆེས་ཆེ་ཤོས་གསུམ”གྱི་ཞིང་ཆེན་གྱི་གནས་ཚུལ་ངེས་གནས་དང་“སྔར་ལས་གལ་ཆེན་གསུམ”གྱི་འཐབ་ཇུས་གནས་བབ་བློ་ལ་བརྟན་པོར་ངེས་པར་བྱས་ནས། འཕེལ་རྒྱས་ཀྱི་སྒུལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་། འཕེལ་རྒྱས་ཀྱི་ལེགས་ཆ་ཇེ་མང་དུ་བཏང་བ།  སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་གོམ་སྟབས་བརྟན་པོ་སྤོས་པ། ཐོན་ལས་ཀྱི“གནས་བཞིའི”འཛུགས་སྐྲུན་ལ་མདུན་ལམ་ཆེན་པོ་ལྡན་པར་བྱས། ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བའི་ལེའུ་གསར་པ་བསྐྲུན་པ་དང་། གྲོང་གསེབ་དར་སྤེལ་གྱི“བྱ་སྤྱོད་ཆེན་པོ་བརྒྱད”ཀྱི་སྣེ་ཁྲིད་ལ་སྦྲེལ་མཐུད་ནུས་ལྡན་བྱས་པ། དམངས་འཚོའི་བྱ་བ་དངོས་ཚང་མ་མངོན་འགྱུར་བྱུང་བ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་དང་ཤར་ནུབ་རྒྱུད་ཀྱི་མཉམ་ལས་རིམ་སྤོར་ལ་ཤུགས་བསྣན་པ་བཅས་ཀྱི་ཐོག་ནས་མི་རིགས་ཁག་གི་མང་ཚོགས་ལ་སྔར་ལས་འོད་སྟོང་འབར་བའི་བདེ་སྐྱིད་བསྐྲུན་ཡོད།

ཁྲིན་ཀང་གིས་བཤད་རྒྱུར། མཚོ་སྔོན་གྱི་རི་ཆུ་མཛེས་ལ་མི་སྔར་ལས་མཛེས། རྒྱལ་ཁའི་ངང་གྲོལ་མ་ཐག་པའི་ཞིང་ཆེན་གྱི“ཚོགས་ཆེན་གཉིས”ཀྱིས་འབད་འབུངས་ཡར་བརྩོན་གྱི་སྐྱོད་ལམ་གསར་པ་དང་དུས་རབས་གསར་པར་བྱས་རྗེས་འཇོག་རྒྱུའི་མདུན་སྐྱོད་དུང་བརྡ་བཏང་ཡོད། འཛམ་གླིང་གི་འགྱུར་བ་དང་དུས་རབས་ཀྱི་འགྱུར་བ། ལོ་རྒྱུས་ཀྱི་འགྱུར་བ་བཅས་ལ་ཁ་གཏད་འཇལ་བར། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ནས། བློ་བརྟན་འགྱུར་མེད་ངང“གཏན་ཕབ་གཉིས”ལ་གོང་བཀུར་བྱས་ནས། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པར་བྱེད་པ་དང་། མཐུན་སྒྲིལ་འབད་འཐབ་ཀྱི་དུས་རབས་ཀྱི་བླང་བྱར་སྟངས་འཛིན་ནན་མོ་བྱེད་པ། བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་བརྒྱུད་ནས་མདུན་སྐྱོད་བཅས་བྱས་ཏེ། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྔར་ལས་ལེགས་པ་དང་འཕེལ་རྒྱས་ཀྱི་སྤུས་ཚད་སྔར་ལས་མཐོ་བ། དམངས་འཚོར་སྔར་ལས་འགན་ལེན་ཡོད་པ། མི་རིགས་མཐུན་སྒྲིལ་སྔར་ལས་བརྟན་པོ་བཅས་ཡོང་བར་བྱེད་དགོས། ཆེས་སྤྱིར་བཏང་གིས་དཔའ་བོ་བསྐྲུན་པ་ཡིན་ལ། དཔའ་བོ་ནི་མི་དམངས་ལས་བྱུང་བ་ཡིན། མཐུན་སྒྲིལ་བྱེད་ཐུབ་པའི་སྤྱིར་བཏང་གི་མིས་ཆེས་སྤྱིར་བཏང་མིན་པའི་བྱ་གཞག་སྒྲུབ་ཐུབ་པ་དང་། མི་ཚང་མའི་ཕུགས་འདུན་ཆུང་ཆུང་གཅིག་ཏུ་བསྡུས་པ་དེ་ནི་རླབས་ཆེན་གྱི་ཀྲུང་གོའི་ཕུགས་འདུན་ཞིག་ཡིན་པས། ང་ཚོས་ནུས་ཤུགས་ཡོད་རྒུ་རྩལ་དུ་བཏོན་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་ཞིག་བསྐྲུན་ཆེད་སླར་ཡང་ལམ་དུ་ཆས་དགོས་ཟེར།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་ཟི་ལིང་དུ་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཞིང་ཆེན་དམག་ཁུལ་གྱི་དམག་སྤྱི་ཆེན་མོ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་ཁྲིམས་ཁང་གི་ཡོན་ཀྲང་། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། ཟི་ལིང་དུ་ཡོད་པའི་ཞིང་ཆེན་རིམ་པ་གཞོན་པ་ཡན་གྱི་ལས་འཁྱུར་ངལ་གསོ་བྱས་ཟིན་པའི་བློ་མཐུན་རྒན་པ་བཅས་ཚོགས་འདུར་ཞུགས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་དྲུང་ཡིག་ཆེན་མོ་དང་། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ་སོ་སོ། མཐོ་རིམ་སློབ་གྲྭ། ཟི་ལིང་དུ་ཡོད་པའིཞིང་ཆེན་གྱིས་དོ་དམ་བྱེད་ཀྱིན་པའི་ཁེ་ལས། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་གི་ལས་ཁུངས། དམངས་གཙོ་ཏང་ཁག་སོ་སོ་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་དང་། མི་རིགས་ཆོས་ལུགས་ལས་རིགས་ཀྱི་མི་སྣ། དམངས་གཉེར་ཁེ་ལས་ཀྱི་འཐུས་མི། ཀུན་སྤྱོད་དཔེ་བཟང་ཅན་དང་ངལ་རྩོལ་དཔེ་ལེགས་ཅན་གྱི་འཐུས་མི་བཅས་གསོལ་སྟོན་ལ་ཞུགས། རིག་རྩལ་ལས་བཟོ་པས་ལྟད་མོ་ཆེ་བའི་ལེ་ཚན་འཁྲབ་སྟོན་བྱས།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།