ཀྲུང་གོ་བོད་ཀྱི་དྲ་བ།

《མཁས་དབང་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོའི་རྣམ་ཐར་ཆེན་མོ་བཞུགས་སོ》པར་སྐྲུན་འགྲེམ་སྤེལ་བྱས་པ།

ཡོང་ཁུངས། : མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།     སྤེལ་དུས། : 2023-01-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1WechatIMG3091.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས《བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོའི་རྣམ་ཐར་ཆེན་མོ་བཞུགས་སོ》པར་སྐྲུན་འགྲེམ་སྤེལ་བྱས།

བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ(1935〜2018)མཆོག་ནི་མཚོ་སྔོན་རེབ་གོང་བོན་བརྒྱ་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་དགོན་བདག་བླ་མ་ཡིན་ལ། རྨ་ལྷོ་ཁུལ་སྲིད་གྲོས་ཀྱི་རྒྱུན་ཨུ་དང་ཐུན་རིན་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་སོགས་ཀྱི་འགན་བཞེས་མྱོང་། ཨ་ལགས་བོན་བརྒྱ་ཚང་ནི་བོད་ཀྱི་མཁས་པ་གྲགས་ཅན་ཞིག་སྟེ། ཐུགས་རྒྱུད་ལ་ཡོན་ཏན་གྱིས་ཕྱུག་ཅིང་རིག་པའི་གནས་ལྔ་ལ་མཁྱེན་རྩལ་རྫོགས་པ། དཔྱོད་ལྡན་རྣམས་ཀྱི་འདོད་བློ་ཚིམ་པའི་གསུང་གི་བདུད་རྩི་མང་དུ་འཇོ་བས་སྙན་པའི་གྲགས་པ་ཀུན་ལ་ཁྱབ་ཅིང་། ཐེངས་མང་པོར་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུའི་སྟེང་གདན་འདྲེན་ཞུས་ཏེ་དཔྱད་རྩོམ་སྒྲོག་གླེང་གནང་། 

རྣམ་ཐར་ཆེན་མོ་འདི་ནི་དམ་པ་གང་གི་དངོས་སློབ་ཚུལ་ཁྲིམས་བསྟན་པ་འབྲུག་གྲགས་ཀྱིས་བརྩམས་པ་ཡིན་ལ། དེ་ནི་ལེའུ་གསུམ་གྱི་བདག་ཉིད་ཅན་ཞིག་སྟེ། ལེའུ་དང་པོར་མཁས་དབང་ཁོང་གི་སྐྱེས་རབས་གོང་མ་རྣམས་ཀྱི་བྱུང་རིམ་མདོར་བསྡུས་སུ་བཀོད་པ་དང་། ལེའུ་གཉིས་པར་སྐུ་ཚེ་འདི་ཉིད་ཀྱི་སྐྱེ་བ་བཞེས་སའི་འཁྲུངས་ཡུལ་བསྟན་ཏེ། སྐུ་ན་ཕྲ་བའི་དུས་དེར་ཀློག་པ་ཐོས་བསམ་གྱི་འཁོར་ལོ་དང་འབྲེལ་ནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་སྐོར་ལ་བསྟུན་པ་ཇི་ལྟར་གསན་བཞེས་གནང་ཚུལ་དང་། བར་དུ་སྤོང་བ་བསམ་གཏན་གྱི་འཁོར་ལོ་དང་བསྡོངས་ཏེ། བསྙེན་སྒྲུབ་ལས་གསུམ་གྱི་ཐད་ལ་ཤ་རུས་རྡོ་ལ་ཐུག་པ་ལྟ་བུའི་སྒྲིབ་སྦྱོང་རྣལ་མ་བྱེད་སྟངས་རྒྱས་པར་བསྟན་པ་དང་། བསྟན་པ་དང་འགྲོ་བའི་དོན་དུ་བྱ་བ་ལས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ཏེ། རང་དོན་དུ་ཐོས་བསམ་སྒོམ་གསུམ། གཞན་དོན་དུ་འཆད་རྩོད་རྩོམ་གསུམ། གཉིས་དོན་དུ་འཛིན་སྐྱོང་སྤེལ་གསུམ་གྱིས་སྐུ་ཚེ་སྨད་ཀྱི་རྣམ་ཐར་ཞིབ་རྒྱས་སུ་གནང་ཡོད། ལེའུ་གསུམ་པར་མཁས་དབང་ཁོང་གི་སྐུ་ཚེའི་མཛད་འཕྲིན་མཐའ་རུ་ཕྱིན་ཅིང་ཕྲིན་ལས་རྣམ་བཞིའི་སྒོ་འཕར་མ་འགག་པར་དགེ་སྨོན་རྣམ་པར་དག་པའི་མཇུག་བསྡུ་བ་སོགས། སྒྲོ་སྐུར་གྱི་རང་བཞིན་ཡོངས་སུ་སྤངས་ནས་དྲང་བདེན་གྱི་ལམ་ནས་ལེགས་པར་བརྩམས་པའོ། །ཞར་བྱུང་དུ་མཁས་དབང་ཁོང་གི་རྟོགས་བརྗོད་ཚེག་བར་བཅོ་ལྔ་ཅན་ལ་ཤོ་ལོ་ཀ་བརྒྱ་ཕྲག་གཅིག་གི་གྲངས་དང་ལྡན་པ་བཀོད་ཡོད་དོ། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།