ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱིས་མང་ཚོགས་དཀའ་ཁག་ཅན་ཁྲི36.66ལ་འཚོ་བའི་ཁ་གསབ་འགྲེམ་གཏོང་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2023-01-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས12ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་ནས་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་དབུལ་ནག་ལྔ་སྐྱོང་བདག་སྐྱོང་བྱ་ཡུལ་དང་ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་ལ་མི་རེར་སྒོར200དང་། གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་ལ་མི་རེར་སྒོར300ཡི་ཚད་གཞི་ལྟར་མཁར་གྲོང་མང་ཚོགས་དཀའ་ཁག་ཅན་ལ་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་འགྲེམ་གཏོང་བྱས། སྔོན་རྩིས་ལྟར་ན་ཐེེངས་འདིར་ཁ་གསབ་མ་དངུལ་སྒོར་དུང་ཕྱུར0.8འགྲེམ་གཏོང་བྱ་རྒྱུ་ཡིན་ལ། ཞིང་ཆེན་ཡོངས་ཀྱི་མཁར་གྲོང་གི་མང་ཚོགས་དཀའ་ཁག་ཅན་ཁྲི36.66ལ་ཕན་བདེ་བསྐྲུན་རྒྱུ་རེད།

ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་མང་ཚོགས་དཀའ་ཁག་ཅན་གྱི་གཞི་རྩའི་འཚོ་བའི་འགན་སྲུང་ལ་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། བསྟུད་མར་ལོ་བཅུ་གཉིས་རིང“དུས་ཆེན་གཉིས”ཀྱི་མཁར་གྲོང་གི་མང་ཚོགས་དཀའ་ཁག་ཅན་ལ་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་འགྲེམ་གཏོང་བྱས་པ་དང་།  བསྡོམས་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར19.18འགྲེམ་གཏོང་བྱས་ཏེ། མཁར་གྲོང་གི་མང་ཚོགས་དཀའ་ཁག་ཅན་མི་ཐེངས་ཁྲི671.6ལ་ཕན་བདེ་བསྐྲུན་པས། ཕན་ནུས་ཡོད་པའི་སྒོ་ནས་མཁར་གྲོང་གི་མང་ཚོགས་དཀའ་ཁག་ཅན་གྱིས་བདེ་བླག་ངང་དུས་ཆེན་ལ་རོལ་བ་དང་དགུན་གྱི་དུས་ཚིགས་བསྐྱལ་བར་འགན་སྲུང་བྱས་ཤིང་།དཀའ་ཁག་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་མུ་མཐུད་དུ་ཇེ་མཐོར་བཏང་། 

རྗེས་ཕྱོགས་ཞིང་ཆེན་དམངས་སྲིད་ཐིང་གིས་ས་གནས་སོ་སོའི་དམངས་སྲིད་སྡེ་ཁག་ལ་སྐུལ་འདེད་བྱས་ཏེ་ཁ་གསབ་མ་དངུལ་འགྲེམ་གཏོང་བྱེད་པའི་བྱ་བ་མགྱོགས་མྱུར་ངང་ལག་བསྟར་བྱེད་པ་དང་། ཁ་གསབ་མ་དངུལ་དུས་ལྟར་དཀའ་ཁག་མང་ཚོགས་ལག་ཏུ་འབྱོར་བར་འགན་སྲུང་བྱེད་པའི་དུས་མཚུངས་སུ།  ས་གནས་སོ་སོའི་དམངས་སྲིད་སྡེ་ཁག་གིས་ད་དུང་ཡོང་སྒོ་དམའ་བའི་མང་ཚོགས་ཀྱི་འཚོ་བའི་གནས་བབ་ལ་དོ་སྣང་ཆེན་པོ་བྱས་ཏེ།  དེའི་ཁྲོད་ཀྱི་དབུལ་ནག་དང་དུད་ཁྱིམ་ལ་དུས་ལྟར་གནས་སྐབས་རང་བཞིན་གྱི་རོགས་སྐྱོར་བྱེད་པའི་བགྲོད་ལམ་གཏོད་རྒྱུ་ཡིན་པ་རེད།  །  

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།