ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱིས《མཚོ་སྔོན་ཞིང་ཆེན་གྱིས་རྫོང་མཁར་གཞི་རྟེན་གཙོ་བོར་བྱེད་པའི་མཁར་གྲོང་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ལག་བསྟར་ཇུས་གཞི》པར་འགྲེམས་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2022-12-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས22ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གི《རྫོང་མཁར་གཞི་རྟེན་གལ་ཆེན་དུ་བྱེད་པའི་མཁར་གྲོང་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར》ལག་བསྟར་དོན་འཁྱོལ་བྱ་ཆེད། ཞིང་ཆེན་ཏང་ཨུའི་གཞུང་ལས་ཐིང་དང་ཞིང་ཆེན་སྲིད་གཞུང་གི་གཞུང་ལས་ཐིང་གིས《མཚོ་སྔོན་ཞིང་ཆེན་གྱིས་རྫོང་མཁར་གཞི་རྟེན་གཙོ་བོར་བྱེད་པའི་མཁར་གྲོང་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ལག་བསྟར་ཇུས་གཞི》གཏན་འབེབས་དང་དཔར་འགྲེམ་བྱས།(གཤམ་དུ《ལག་བསྟར་ཇུས་གཞི》ཞེས་བསྡུ་རྒྱུ) རྫོང་མཁར་གྱི་འཕེལ་རྒྱས་ཁ་ཕྱོགས་ལ་རིགས་དབྱེ་ཁྲིད་སྟོན་བྱེད་པ་དང་རྫོང་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱེད་པ་སོགས་ཕྱོགས་དགུའི་གཙོ་གནད་ལས་འགན36བཀོད་སྒྲིག་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་རྫོང་མཁར་འཕེལ་རྒྱས་ཀྱི་ངེས་གནས་རེའུ་མིག་བཟོས་ནས་ཞིང་ཆེན་ཡོངས་ཀྱི་རྫོང(རྫོང་དང་རྫོང་རིམ་པའི་གྲོང་ཁྱེར)37ལ་རེ་རེ་བཞིན་གྲལ་བཤེར་བྱས་ཏེ་འབྱུང་འགྱུར་གྱི་འཕེལ་རྒྱས་ཁ་ཕྱོགས་དང་གཙོ་གནད་ཁ་གསལ་བཟོས་ཡོད།  

《ལག་བསྟར་ཇུས་གཞིའི》ནང་རིགས་དབྱེ་ཁྲིད་སྟོན་དང་གནད་སྨིན་ཇུས་འདོན་ཟུང་འབྲེལ་བྱ་རྒྱུར་མཐོང་ཆེན་བྱས་ཡོད། རྫོང་མཁར་གྱི་ནུས་པ་གནས་ས་དང་ཐོན་ཁུངས་ཁོར་ཡུག་གི་ཐེག་ནུས། ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞི་བཅས་ལ་དམིགས་ནས་མཚོ་སྔོན་ཞིང་ཆེན་གྱི་རྫོང་མཁར37ལ་རིགས་དབྱེ་ལུགས་མཐུན་བྱས་ཏེ། གྲོང་ཁྱེར་ཆེན་པོའི་མཐའ་སྐོར་གྱི་རྫོང་མཁར་དང་ཆེད་ལས་ཀྱི་ནུས་པ་ལྡན་པའི་རྫོང་མཁར། ཞིང་ལས་ཐོན་རྫས་གཙོ་ཐོན་ཁུལ་གྱི་རྫོང་མཁར། གཙོ་གནད་སྐྱེ་ཁམས་ནུས་ཁུལ་གྱི་རྫོང་མཁར། མི་འབོར་བོར་བརླགས་བྱུང་བའི་རྫོང་མཁར་བཅས་རིགས5ལྟར་ཁྱད་པར་ལྡན་པའི་འཕེལ་རྒྱས་ཐབས་ལམ་བཏོན་པ་དང་། དམིགས་བྱའི་རང་བཞིན་ལྡན་པའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཀོད་སྒྲིག་ཞིབ་ཕྲ་བྱས་ཡོད། བྱེད་ནུས་འཐུས་ཚང་དང་ཐོན་ལས་འཕེལ་རྒྱས་ཟུང་འབྲེལ་བྱེད་པར་དོ་སྣང་ཆེན་པོ་བྱས་ཡོད།  རྫོང་མཁར་གྱི་ཕྱོགས་བསྡུས་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བར་དམིགས་ནས་གྲོང་ཁྱེར་དོ་དམ་གྱི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་དང་། རྫོང་ཁོངས་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ། ཐོན་ལས་ཀྱི་ལེ་ལག་ཚང་བའི་ནུས་པ་འཐུས་ཚང་དུ་གཏོང་བ། སྤྱི་པའི་ཞབས་ཞུ་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་གཙོ་གནད་ལས་འགན་ཞིབ་འཇུག་དང་བཀོད་སྒྲིག་བྱས་ཡོད། རྫོང་མཁར་གྱི་ཐོན་ལས་ཁྱད་ཆོས་འབུར་དུ་བཏོན་ནས་ཙོང་ཆུའི་རོང་ཁོག་དང་ཚྭ་འདམ་གཤོངས་ས། གཙང་གསུམ་འབྱུང་ཡུལ། མདོ་ལ་རི་བོ། མཚོ་སྔོན་པོ་སོགས་གཙོ་གནད་སྐྱེ་ཁམས་བྱེད་ནུས་ཁུལ་གྱི་རྫོང་མཁར་གྱི་ལེགས་ཆ་འདོན་སྤེལ་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས། ཐོན་ལས་སྟོབས་ཆེའི་རྫོང་མཁར་ཁག་ཅིག་བཏོད་དེ་ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་ཀྱི་ཚོགས་སྤྱི་སྐྱེད་སྲིང་བྱེད་དགོས། 

འཕར་ཚད་འཛུགས་སྐྲུན་དང་བསགས་འབོར་བསྒྱུར་བཀོད་ཟུང་འབྲེལ་བྱེད་པར་དོ་སྣང་བྱ་དགོས། རྫོང་མཁར་གྱི་ཁྱབ་འགྱེད་དང་སྐུལ་ཁྲིད་ཀྱི་ནུས་པར་དམིགས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆུ་མཁོ་འདོན་གཞི་གཅིག་ཅན་དང་། ཆ་རྐྱེན་ཡོད་པའི་ས་ཁུལ་གྱི་འབར་རླངས་ཤང་གྲོང་དུ་སྐྱོད་པར་སྐུལ་འདེད་གཏོང་བ། ཤང་གྲོང་གི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་སོགས་གཙོ་གནད་ལས་འགན་ཁག་ཅིག་བཏོན་ནས། རྫོང་མཁར་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུ་དེ་མཐའ་འཁོར་གྱི་ཤང་གྲོང་དུ་སྣུར་སྲིང་ཐུབ་པ་བྱ་དགོས། རྫོང་མཁར་གྱི་གྲོང་ཁྱེར་སྒྲིག་བཀོད་སྒྱུར་བཀོད་རིམ་སྤོར་ལ་དམིགས་ནས“ཆུས་གསུམ་དང་གྲོང་ཚོ་གཅིག”གི་སྒྱུར་བཀོད་ལ་སྐུལ་འདེད་གཏོང་བ་དང་། ཐོག་བརྩེགས་མང་བའི་སྡོད་ཁང་ལ་གློག་སྐས་སྒྲིག་སྦྱོར་བྱེད་པ། གཏོར་སྐྱོན་ཐེབས་པའི་ཆུ་སྤུག་རྙིང་བ་ལ་ཉམས་བཟོ་བྱེད་པ་སོགས་ཀྱི་ཞིབ་ཕྲའི་བྱ་ཐབས་རབ་དང་རིམ་པ་བཏོན་ནས། ནུས་ཤུགས་ཡོད་རྒུས་རྫོང་མཁར་གྱི་ཕྱོགས་བསྡུས་ཐེག་ནུས་ཆེ་རུ་གཏོང་དགོས། དམིགས་འབེན་ཁྲིད་ཕྱོགས་དང་གཞི་ཐིག་ཚོད་འཛིན་ཟུང་སྦྲེལ་ལ་དོ་སྣང་བྱ་དགོས། དམིགས་ཚད་ཀྱི་སྣེ་ཁྲིད་མཐའ་འཁྱོངས་ཀྱིས2025ལོར་སླེབས་སྐབས་རྫོང་མཁར་གྱི་འཚོ་བའི་གད་སྙིགས་གནོད་མེད་ཅན་དུ་འགྱུར་ཚད92%ཟིན་པ་དང་། རྫོང་མཁར་གྱི་འཚོ་བའི་བཙོག་ཆུ་གཙང་སེལ་སྒྲིག་བཀོད་གཞི་རྩའི་ཆ་ནས་ཁྱོན་ཡོངས་ལ་ཁྱབ་པ་དང་། རྫོང་ཚང་མར་ཀ་པ་རིམ་པ་གཉིས་པའི་སྨན་ཁང་གཅིག་ཡོད་པ་སོགས་མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བའི་ཞིབ་ཕྲའི་དམིགས་ཚད་མངོན་འགྱུར་ཐུབ་པའི་བརྩོན་ལེན་བྱ་དགོས། རྫོང་མཁར་གྱི་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱས་ནས“ཚོད་འཛིན་ཐིག་གསུམ”དང་། གནོད་འཚེ་དང་ལས་འཛོལ་གྱི་ཉེན་ཁ་སྔོན་འགོག ས་གནས་སྲིད་གཞུང་གི་བུ་ལོན་གྱི་ཉེན་ཁ་ཚོད་འཛིན་བྱེད་པ་སོགས་ཀྱི་བྱེད་ཐབས་ཀྱི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ། རྫོང་མཁར་འཕེལ་རྒྱས་འགྲོ་བར་བདེ་འཇགས་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད། 

རྫོང་མཁར་ནི་མཁར་གྲོང་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། 《ལག་བསྟར་ཇུས་གཞི》བཟོས་ནས་པར་འགྲེམས་བྱས་པ་དེས་མཚོ་སྔོན་ཞིང་ཆེན་གྱི་རྫོང་མཁར་མཁར་གྲོང་ཅན་འཛུགས་སྐྲུན་གྱི་ཐབས་ལམ་སྔར་བས་ཁ་གསལ་བཟོས་ཡོད་པས། མཁར་གྲོང་ཅན་གསར་པ་འཛུགས་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། ཤང་གྲོང་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བཟོ་ཞིང་ཤང་གྲོང་འབྲེལ་བ་གསར་པ་འཛུགས་པ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད། ། 

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།