ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡི་གྲོས་ཚོགས་བསྡུས་ནས་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-12-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས18ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་བསྡུས་ནས། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་དོན་འཁྱོལ་དང་། ལག་བསྟར་དོན་འཁྱོལ་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། 

གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱིས2022ལོའི་དཔལ་འབྱོར་བྱ་བ་དང་། འདས་ཟིན་པའི་ལོ5ཡི་གྲུབ་འབྲས། དུས་རབས་གསར་པའི་ལོ10ཡི་འཕོ་འགྱུར་རླབས་པོ་ཆེ་བཅས་ལ་སྤྱི་བསྡོམས་གཏིང་ཟབ་དང་། མིག་སྔའི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་གཏིང་ཟབ། 2023ལོའི་དཔལ་འབྱོར་བྱ་བར་བཀོད་སྒྲིག་གལ་ཆེན་བཅས་བྱས་ནས། སང་ལོ་དང་མ་འོངས་པའི་དུས་སྐབས་རིང་གི་དཔལ་འབྱོར་བྱ་བ་ལེགས་པར་བསྒྲུབ་པ་དང་། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མགོ་ལེགས་པོ་རྩོམ་པ་དང་གོམ་པ་ལེགས་པོ་སྤོས་ནས། མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བཅས་བྱས་ཡོད། བློ་མཐུན་ལི་ཁེ་ཆང་གི་གསུང་བཤད་གྱིས་གྲུབ་འབྲས་ལ་ཁྱོན་ཡོངས་ནས་སྤྱི་བསྡོམས་དང་ཞིབ་ཕྲའི་བཀོད་སྒྲིག  བླང་བྱ་ཁ་གསལ་བཏོན་པ་དང་། ཚན་རིག་དང་མཐུན་པར་དོན་དངོས་སྒྲུབ་པ་དང་བཀོལ་སྤྱོད་རང་བཞིན་ཆེན་པོ་ལྡན་ཡོད། དོན་དངོས་སྒོས་བསམ་བློ་དང་བྱ་སྤྱོད་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ཏང་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་དང་གཅིག་གྱུར་ཡོང་བ་བྱས་ནས། སེམས་ནུས་གཅིག་སྒྲིལ་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་བ་སོ་སོ་ལེགས་པར་བསྒྲུབ་ནས། ཏན་ཏན་ཏིག་ཏིག་སྒོས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན། 

གྲོས་ཚོགས་སྟེང་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་པ་དང་། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཕྱོགས་སུ་བསྐྱོད་པར་ངོས་འཛིན་གཏིང་ཟབ་བྱས་ཡོད། དེའི་རྩ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་སྣེ་འཁྲིད་མཁན་ཡིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་མཁན་ཡིན་པར་རག་ལས་ཡོད། དེ་བས་སྔར་ལས་ལྷག་པའི་བློ་བརྟན་འགྱུར་མེད་དང་རང་རྟོགས་ཀྱི་སྒོ་ནས་“གཏན་འཁེལ་གཉིས”ལ་བརྩི་བཀུར་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་ཐུབ་དགོས། ཁྱོན་ཡོངས་ནས་ཏང་ཀྲུང་དབྱང་གིས་རྒྱལ་ཁབ་ཕྱི་ནང་གི་དཔལ་འབྱོར་གནས་བབ་ལ་ཚན་རིག་དང་མཐུན་པའི་སྒོ་ནས་བརྡར་ཤ་གཅོད་པ་དང་། ཐོག་མཐའ་བར་གསུམ་དུ་“དོན་ཆེན་གཉིས”ཡིད་ལ་བཅངས་ནས། ཡིད་ཆེས་བརྟན་པོས་དཔལ་འབྱོར་བྱ་བ་ལེགས་པར་བསྒྲུབ་དགོས། སང་ལོའི་དཔལ་འབྱོར་བྱ་བའི་སྤྱིའི་བླང་བྱ་དང་། སྲིད་ཇུས་ཀྱི་ཁ་ཕྱོགས། རྩ་གནད་ལྔ་བཅས་ཁོང་དུ་ཆུད་པར་བྱེད་པའི་གནད་དོན་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ནས། “སྤྱི་བའི་སྲིད་ཇུས་ལྔ་”ཡི་ཁྲིད་ཕྱོགས་དམ་པོར་འཛིན་པ་དང་། “གཅིག་གྱུར་གྱི་འཆར་འགོད་དྲུག་”གི་བླང་བྱ་གལ་ཆེན་འབུར་ཐོན་ཡོང་བར་བྱེད་པ། བརྟན་ཐོག་ཡར་འཕེལ་གྱིས་བྱ་བའི་སྤྱིའི་གཞི་གདངས་བརྟན་པོར་འཛིན་པ། ཚན་རིག་དང་མཐུན་པར་སྔོན་དཔག་གི་དམིགས་འབེན་གཏན་འབེབས་བྱེད་པ། དཔལ་འབྱོར་གྱི་སྤུས་ཚད་ནུས་པ་ལྡན་པའི་སྒོ་ནས་མཐོར་འདེགས་གཏོང་བ་དང་། གྲངས་ཚད་ལུགས་མཐུན་ངང་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།  

གྲོས་ཚོགས་སྟེང་སང་ལོའི་དཔལ་འབྱོར་བྱ་བ་ལེགས་པར་བསྒྲུབ་པར་དོན་སྙིང་གལ་ཆེན་ལྡན་པར། ཏང་གིས་མགོ་ཁྲིད་བྱེད་པ་དཔལ་འབྱོར་བྱ་བའི་བརྒྱུད་རིམ་ཡོངས་ཀྱི་ཕྱོགས་གང་སར་ཁྱབ་པར་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་བསྟར་བྱེད་པ། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ཚད་ལྡན་ངང་དོན་འཁྱོལ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་བའི་གསུང་བཤད་གལ་ཆེན་དང་མཚོ་སྔོན་གྱི་བྱ་བར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བའི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱེད་པ། བརྒྱུད་རིམ་ལྡན་པའི་འདུ་ཤེས་མཐའ་འཁྱོངས་དང་ཡང་དག་ངང་གསར་གཏོད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ད་ལོའི་བྱ་བར་སྤྱི་བསྡོམས་དང་། སང་ལོའི་བྱ་བར་འཆར་འགོད། སྲིད་ཇུས་ཀྱི་གོ་སྐབས་བརྩོན་ལེན་བཅས་བྱས་ནས་གཙོ་གནད་ལས་འགན་དོན་འཁྱོལ་བྱེད་པར་གསར་གཏོད་རང་བཞིན་གྱིས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། དཔལ་འབྱོར་འཁོར་སྐྱོད་སྤྱི་ཡོངས་ནས་ཇེ་ལེགས་སུ་འགྲོ་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཞེས་བསྟན། 

གྲོས་ཚོགས་སྟེང་དཔལ་འབྱོར་བྱ་བར་དམ་འཛིན་བྱེད་པའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས། སྤྱོད་ཚུལ་སྒྱུར་བ་དང་བརྩོན་ལེན་བྱེད་ཕོད་པའི་བསམ་པའི་འཁྱེར་སོ་རྒྱུན་འཁྱོངས་བྱས་ཏེ་ལོ་འཁོར་གྱི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་པ་དང་། དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་ལ་ཤུགས་སྣོན་པ། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བྱེད་་པ་ཇེ་མགྱོགས་སུ་གཏོང་བ། ནུས་ཤུགས་ཡོད་རྒུས་དམངས་འཚོ་རའགན་ལེན་དང་ཇེ་ལེགས་སུ་གཏོང་བ། བདེ་འཇགས་ཐོན་སྐྱེད་དང་། གནོད་འཚེ་སྔོན་འགོག་དང་ཆུང་དུ་གཏོང་བ། འཕྲལ་བསྟུན་སྲུང་འཛིན། ལོ་གསར་སྐབས་ཀྱི་སྐྱེལ་འདྲེན་འགན་ལེན་བྱེད་པ་སོགས་ཀྱི་བྱ་བ་སྤྱི་འདོམས་བཟང་པོ་བྱེད་པ། བདེ་འཇགས་ཀྱི་མཐའ་ཚད་བརྟན་བསྲུངས་སྒོས་སྤྱི་ཚོགས་ཀྱི་ཁྱོན་ཡོངས་འཆམ་མཐུན་བརྟན་བརླིང་ཡོང་བར་སྲུང་སྐྱོང་བཅས་བྱེད་དགོས་ཞེས་ནན་གྱིས་བསྟན། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།