ཀྲུང་གོ་བོད་ཀྱི་དྲ་བ།

ཟི་ལིང་གྲོང་ཁྱེར་གྱིས་ཧུར་ཐག་སྒོས་རིམས་ནད་འགོག་སྡོམ་གྱི་བྱེད་ཐབས་ཇེ་ལེགས་སུ་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-12-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ12པའི་ཚེས5ཉིན། གསར་འགོད་པས་ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་བསྡུས་པའི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་སྟེང་ཤེས་གསལ་ལྟར་ན། ཕན་འབྲས་ཆེ་བའི་སྒོ་ནས་རིམས་ནད་འགོག་སྡོམ་དང་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཐད་གཅིག་གྱུར་གྱིས་བཀོད་འདོམས་དང་དེང་སྐབས་ཀྱི་རིམས་འགོག་གནས་བབ་དང་བསྟུན་ནས། ཟི་ལིང་གྲོང་ཁྱེར་གྱིས་ཧུར་ཐག་སྒོས་རིམས་ནད་འགོག་སྡོམ་གྱི་བྱེད་ཐབས་ཇེ་ལེགས་སུ་བཏང་བ་དང་།  འགྲིམ་འགྲུལ་འགག་སྒོའི་རིམས་ནད་འགོག་སྡོམ་ཞབས་ཞུ་ས་ཚིགས་སུ་ཞིང་ཆེན་ནང་ཁུལ་ནས་ཐོན་པའི་སྐུ་མགྲོན་དག་ལ་ཡུལ་དངོས་ཀྱི་ཉིང་སྐྱུར་བརྟག་དཔྱད་མི་བྱེད་པ། ཞིང་ཆེན་ཕྱི་ནས་ཐོན་པའི་སྐུ་མགྲོན་དག་ལ་ཡུལ་དངོས་སུ་ཉིང་སྐྱུར་བརྟག་དཔྱད་བྱེད་པ་དང་།  ཉིང་སྐྱུར་བརྟག་དཔྱད་བྱས་པ་ལས་མཇུག་འབྲས་མི་དགོས་པར་འགྲོ་ཆོག་པའི་རྣམ་པ་སྤྱད་པ་སོགས་ཟི་ལིང་དུ་ཐོན་རྗེས་དུས་ཚོད48ནང་གི་ཉིང་སྐྱུར་བརྟག་དཔྱད་ཀྱི་མཇུག་འབྲས་དང་བདེ་ཐང་ཨང་བཤེར་ལྟ་ཞིབ་བྱས།  

ཉིང་སྐྱུར་བརྟག་དཔྱད་ཀྱི་ཞབས་ཞུ་ཇེ་ལེགས་སུ་གཏོང་བ་དང་།  སྔར་ལས་ལྷག་པར་ཉིང་སྐྱུར་བརྟག་དཔྱད་ཀྱི་དམིགས་ས་རང་བཞིན་མཐོར་འདེགས་སུ་བཏང་སྟེ། རྒྱུན་ནམ་ཅན་གྱི་ཉིང་སྐྱུར་བརྟག་དཔྱད་མི་བྱེད་པར།  རང་འདོད་ལྟར་ཉིང་སྐྱུར་བརྟག་དཔྱད་བྱེད་པ་དང་ས་གནས་སོ་སོས་མུ་མཐུད་དུ་མང་ཚོགས་ལ་ཉིང་སྐྱུར་བརྟག་དཔྱད་ཀྱི་ཞབས་ཞུ་འདོན་སྤྲོད་བྱེད་དགོས། གཙོ་གནད་མི་ཚོགས་དང་ཉེན་ཁ་ཆེ་བའི་ལས་གནས་ཀྱི་མི་ཚོགས། ཉེན་ཁ་ཆེ་བའི་ས་ཁུལ་གྱི་མི་ཚོགས་རྣམས་ངེས་པར་ཏུ་ཉིང་སྐྱུར་བརྟག་དཔྱད་བྱེད་དགོས་ལ། སྡོད་དམངས་རྣམས་ཀྱི་དྲ་སྦྲེལ་དྲ་བའི་སྟེགས་བུ་དང་སྨན་རྫས་ཚོང་ཁང་དུ་ཚ་འཇོམས་པ་དང་ལུད་འཇོམས། ནད་དུག་འགོག་པ་སོགས་ཀྱི་སྨན་རྫས་རིགས་བཞི་ཉོ་ཆོག་པ་དང་།  སྨན་རྫས་ཉོ་སྐབས་ཉིང་སྐྱུར་བརྟག་དཔྱད་ཀྱི་མཇུག་འབྲས་མི་དགོས་པ་དང་རང་གི་དངོས་མིང་ཐོ་འགོད་བྱེད་མི་དགོས།  

ཚོང་ར་སོ་སོའི་ཚོང་གཉེར་མ་བྱས་གོང་གི་སྔོན་ལ། ཚོང་གཉེར་བྱེད་ས་དང་གཞུང་སྒྲུབ་ཁང་། སྐྱེལ་འདྲེན་རླངས་འཁོར།  རྒྱུན་ལྡན་གྱི་མཁོ་ཆས་སོགས་ལ་ཚད་ལྡན་གྱི་དུག་སེལ་བྱེད་དགོས་པ་དང་བདེ་འཇགས་ཐད་ཀྱི་ཞིབ་བཤེར་སྣ་ཚོགས་བྱེད་དགོས། ཚོང་གཉེར་བྱས་རྗེས།  ཚོང་ར་ནང་ཡོང་མཁན་ལ་ཚ་གྲངས་འཇལ་བ་དང་མི་གྲངས་ཚོད་འཛིན་བྱེད་པ། ཁ་ཐུམ་རྒྱག་པ།  དུས་ཚོད48ནང་གི་ཉིང་སྐྱུར་བརྟག་དཔྱད་ཀྱི་མཇུག་འབྲས་ལྟ་བ་སོགས་རིམས་ནད་འགོག་སྡོམ་གྱི་བྱེད་ཐབས་སྤྱད་དགོས། 

མིག་སྔར།  པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་རྒྱག་པ་ནི་མི་སྒེར་ལ་མཚོན་ལ་ཆེས་ཕན་འབྲས་ཡོད་པའི་རིམས་ནད་འགོག་སྲུང་བྱེད་པའི་བྱེད་ཐབས་ཡིན་པ་དང་།  ཆ་རྐྱེན་དང་མཐུན་པའི་གྲོང་མི་ཚོའི་མགྱོགས་མྱུར་ངང་འགོག་སྨན་རྒྱག་དགོས་པ་དང་།  ལོ་ན60ཡན་ལ་སོན་ཡོད་པའི་མི་ཚོགས་ཀྱི་ངེས་པར་ཏུ་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་བརྒྱབ་ནས།  སྔར་ལས་ལྷག་པར་མི་ཚོགས་ཀྱི་རིམས་འགོག་ནུས་ཤུགས་སྲ་བརྟན་དུ་གཏོང་དགོས།  །  

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།