ཀྲུང་གོ་བོད་ཀྱི་དྲ་བ།

ཝུའུ་ཞའོ་ཅུན་གྱིས་ཟི་ལིང་གྲོང་ཁྱེར་གྱི་རིམས་ནད་འགོག་སྡོམ་དང་དངོས་ཟོག་མཁོ་འདོན་དང་ཤརར་བགྲོད་ཐུབ་པར་འགན་སྲུང་བྱེད་པ་སོགས་ཀྱི་བྱ་བར་རྟོག་ཞིབ་དང་ལྟ་སྐུལ་མཛུབ་སྟོན་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-11-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས27ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཝུའུ་ཞའོ་ཅུན་ཟི་ལིང་གྲོང་ཁྱེར་གྱི་སྣ་འཛོམས་ཚོང་ཁང་དང་མྱུར་སྐྱེལ་བྱེད་གནས། འཕྲིན་གཏོང་ལས་རིགས། སྡེབ་ཚོང་ཁྲོམ་ར། དངོས་ཟོག་འགྲེམས་སྤེལ་ར་བའི་ས་ཁུལ་བཅས་སུ་ཕྱིན་ནས། རིམས་ནད་འགོག་སྡོམ་དང་དངོས་ཟོག་མཁོ་འདོན་དང་ཤར་བགྲོད། འགན་སྲུང་བྱེད་པར་རྟོག་ཞིབ་དང་ལྟ་སྐུལ་མཛུབ་སྟོན་བྱས་པ་དང་། རིམས་འགོག་ཡུལ་དངོས་ཀྱི་ལས་བྱེད་མི་སྣར་འཚམས་འདྲི་བྱས། ཁོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་ཆ་ཚང་དང་ཡང་དག་པར་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་དོན་འཁྱོལ་བྱེད་པ། འཐབ་ཇུས་ཀྱི་ངེས་ཤུགས་ཇེ་བརྟན་དུ་གཏོང་བ། རྒྱལ་ཁ་ལེན་ངེས་པའི་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་བདེ་འཇགས་ཐོན་སྐྱེད་ལ་ནུས་པ་ལྡན་པའི་གཅིག་གྱུར་གྱི་བཀོད་འདོམས་བྱེད་པ། མང་ཚོགས་ཀྱི་སེམས་ཁྲལ་བྱེད་པའི་གནད་དོན་ལ་ལན་བསྐྱོན་པ། མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་པ་དང་ཆེས་མངོན་གསལ་ཡིན་པའི་ཁེ་ཕན་གནད་དོན་ཐག་གཅོད་པ། དཀའ་ཁག་ཆེ་བའི་མང་ཚོགས་ལ་རོགས་སྐྱོར་གྱི་བྱ་བ་བཟང་པོ་བསྒྲུབ་པ། མིག་སྔའི་རིམས་ནད་འགོག་སྡོམ་བརྟན་བརླིང་དང་ཇེ་བཟང་དུ་འགྲོ་བའི་གྲུབ་འབྲས་བཟང་བོ་སྲ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་པ་དང་། ཧུར་ཐག་གིས་ཟི་ལིང་གི་རིམས་ནད་འགོག་སྡོམ་ཚར་གཅོད་བྱེད་པའི་དམག་འཐབ་ཀྱི་ཆེས་མཐའ་མཇུག་གི་རྒྱལ་ཁ་བརྩོན་ལེན་བྱས་ནས། གོ་རིམ་ལྡན་པའི་ངང་རྒྱུན་ལྡན་གྱི་ཐོན་སྐྱེད་འཚོ་བའི་སྒྲིག་ལམ་མྱུར་དུ་སླར་གསོ་བྱེད་དགོས་པར་ནན་གྱིས་བསྟན།

མཁར་དཀྱིལ་ཁུལ་ཝང་ཧྥུའུ་ཅིན་སྣ་འཛོམས་ཚོང་ཁང་དང་ཧའེ་ཧུའུ་ལུས་རྩལ་ཁང་གནས་སྐབས་སྡེབ་འཚོང་བྱེད་ས་རུ། ཝུའུ་ཞའོ་ཅུན་གྱིས་ལས་བྱེད་མི་སྣ་དང་བསམ་ཚུལ་བརྗེ་རེས་ཟབ་མོ་བྱས་པ་དང་། རིམས་ནད་འགོག་སྡོམ་དང་ཚོང་རྫས་མཁོ་འདོན། དངོས་སྐྱེལ། དངོས་གོང་གཏན་འཇགས་སོགས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། སྣ་འཛོམས་ཚོང་ཁང་དང་ཞིང་ལས་ཐོན་རྫས་ཉོ་ཚོང་ཚོང་ར་ནི་དམངས་འཚོ་འགན་སྲུང་གི་ཡུལ་གནས་གཙོ་བོ་ཡིན་པར་མ་ཟད། རིམས་ནད་འགོག་སྡོམ་གྱི་གཡུལ་ས་གཙོ་བོ་ཡང་ཡིན་པས། ཚོང་རའི་མཁོ་འདོན་ཇེ་དྲག་ཏུ་གཏོང་བ་དང་། ཚོང་རྫས་ཀྱི་རིགས་སྣ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ཚོང་རྫས་འདང་བ་དང་དངོས་གོང་བརྟན་འཇགས་ལ་ཁག་ཐེག་བྱས་ཏེ། ཐབས་བརྒྱ་ཇུས་སྟོང་གིས་མང་ཚོགས་ཀྱི་དགོས་མཁོ་སྐོང་དགོས། ཨང་བཤེར་དྲོད་འཇལ་དང་ཁ་ཐུམ་རྒྱག་པ། རླུང་རྒྱུ་དུག་སེལ་སོགས་འགོག་སྡོམ་བྱེད་ཐབས་ལག་བསྟར་ནན་མོ་བྱེད་པ་དང་། ཚོང་རའི་ཚོང་གཉེར་མི་སྣ་དང་དངོས་སྐྱེལ་མི་སྣའི་རྒྱུན་རྣམ་ཅན་གྱི་ཉིང་སྐྱུར་བརྟག་དཔྱད་ལ་ཤུགས་སྣོན་པ། ཐོན་རྫས་ཀྱི་སྤུས་ཚད་དང་བདེ་འཇགས་དོ་དམ་ལ་ཤུགས་བསྣན་ནས། རིམས་ནད་འགོག་སྡོམ་དང་བདེ་འཇགས་ཐོན་སྐྱེད་ཀྱི་ཚད་མཐའ་མཐའ་གཅིག་ཏུ་བརྟན་སྲུང་བྱེད་དགོས།

ཀྲུང་གོ་སྤོ་སྒུལ་ཀུང་ཟི་ཟི་ལིང་གྲོང་ཁྱེར་ཡན་ལག་ཀུང་ཟི་རུ། ཝུའུ་ཞའོ་ཅུན་གྱིས་འབྲེལ་ཡོད་འགན་ཁུར་མི་སྣའི་རིམས་ནད་འགོག་སྡོམ་ཆ་འཕྲིན་ཅན་གྱི་སྟེགས་བུའི་དོ་དམ་འཁོར་སྐྱོད་དང་ཞབས་ཞུ་འགན་སྲུང་སྐོར་གྱི་གནས་ཚུལ་ལ་ཉན་རྗེས། ཆ་འཕྲིན་ཅན་གྱི་སྟེགས་བུ་ནི་རིམས་ནད་འགོག་སྡོམ་བྱ་བའི་འདེགས་སྐྱོར་གལ་ཆེན་ཡིན་པས། རིགས་མི་འདྲ་བའི་ཆ་འཕྲིན་སྟེགས་བུ་སྣ་ཚོགས་ཀྱི་ཐོན་ཁུངས་མཉམ་བསྲེས་བྱེད་པར་ཤུགས་སྣོན་པ་དང་། སྟེགས་བུའི་ཇུས་འགོད་ལེགས་སྒྱུར་བྱེད་པ། རྩོལ་ནུས་ཀྱི་སྒྲོམ་གཞི་འཐུས་ཚང་དུ་གཏོང་བ། ལག་རྩལ་ནུས་པ་སྔར་ལས་མཐོར་འདེགས་གཏོང་བ། གྲངས་ཀའི་རྨང་གཞི་སྒྲིག་ཆས་སྲུང་སྐྱོབ་ལ་ཤུགས་སྣོན་པ། དྲ་རྒྱའི་བདེ་འཇགས་འཕྲལ་བསྟུན་ཐག་གཅོད་རྒྱུན་མཐུད་ངང་བཟང་བོར་བསྒྲུབ་པ། དྲིལ་སྒྲོག་གི་སྣེ་ཁྲིད་ཇེ་དྲག་ཏུ་གཏོང་བ། ཆ་འཕྲིན་སྟེགས་བུ་གཏན་འཇགས་ངང་འཁོར་སྐྱོད་བྱེད་པར་ཁག་ཐེག་བྱས་ཏེ། རིམས་ནད་འགོག་སྡོམ་ཐད་ནུས་ཤུགས་ཆེན་པོ་འདོན་དགོས་པར་བརྗོད།

ཧྲོང་ཀྲའེ་དངོས་ཟོག་འགྲེམས་སྤེལ་ར་བ་རུ། ཝུའུ་ཞའོ་ཅུན་གྱིས་ཡུལ་དངོས་སུ་ཁོར་ཡུག་ལ་དུག་སེལ་དང་ཟོང་སྐྱེལ་རླངས་འཁོར་འབྲེལ་མཐུད། སྐྱེལ་འདྲེན་རླངས་འཁོར་དང་ཁ་ལོ་བའི་དོ་དམ་སོགས་གནས་ཚུལ་ལ་ལྟ་ཞིབ་བྱས། ཁོང་གིས་གཙོ་གནད་དངོས་ཟོག་ཉར་ཚགས་སྐྱེལ་འདྲེན་ལ་ཤུགས་སྣོན་པ་དང་། ཉོ་སྒྲུབ་དང་དངོས་ཟོག་མཁོ་འདོན་བགྲོད་ལམ་ཤར་གཏོང་བྱེད་པ། སྐྱེལ་སྤྲོད་གནས་བབ་ལེགས་སྒྲིག་བྱས་ནས། ཐོན་ལས་ཕྲེང་འབྲེལ་དང་མཁོ་འདོན་ཕྲེང་འབྲེལ་གཏན་འཇགས་ཡོང་བར་ཁག་ཐེག་བྱེད་དགོས། མཉམ་འགོག་མཉམ་སྡོམ་ཇེ་དྲག་ཏུ་གཏོང་བ་དང་། ཆེད་ལས་ཚན་ཁག་གི་སྟོབས་ཤུགས་འབྲེལ་མཐུད་བྱེད་པར་ཤུགས་སྣོན་པ། རླངས་འཁོར་གྱིས་ས་གནས་གཏན་ཁེལ་བྱས་ནས་ཞབས་འདེགས་ཞུ་བ་དང་བཀག་སྡོམ་འགོག་སྡོམ་བྱེད་པ་ལག་བསྟར་བྱས་ཏེ། བརྒྱུད་རིམ་སོ་སོ་མཚམས་མེད་སྦྲེལ་མཐུད་བྱེད་པར་ཁག་ཐེག་བྱེད་དགོས། ཞབས་ཞུ་འགན་སྲུང་ཇེ་དྲག་ཏུ་གཏོང་བ་དང་། ཁ་ལོ་བའི་ཞུ་གཏུག་ལ་ལན་འདེབས་པ་དང་ཐག་གཅོད་པ། འགོག་སྡོམ་སྲིད་ཇུས་དྲིལ་སྒྲོག་དང་ཀློག་འགྲེལ་བྱེད་ཤུགས་ཇེ་ཆེར་གཏོང་བ། ཁ་ལོ་བས་རང་འགུལ་གྱིས་འགོག་སྡོམ་འགན་འཁྲི་ལག་བསྟར་བྱེད་པར་སྣེ་ཁྲིད་ནས། ཟོང་སྐྱེལ་ར་བའི་ས་ཁུལ་དང་ལས་ཞུགས་མི་སྣའི་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པར་བསྟན། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།