མཚོ་སྔོན་ཞིང་ཆེན་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་བསྡུས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས23ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ངམ་ཞིང་ཆེན་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས་ནས་ཞིང་ཆེན་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་གཏིང་ཟབ་སྒོས་དོན་ལག་བསྟར་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིན་ཁྲང་ཞིང་གི་བྱ་བའི་བླང་བྱ་དོན་འཁྱོལ། ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་གནས་ཚུལ་སྙན་ཞུ་ལ་ཉན་པ་མ་ཟད། བདེ་འཇགས་ཐོན་སྐྱེད་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཝུའུ་ཞའོ་ཅུན་གྱིས་ད་ལོ་ནས་བཟུང་། ང་ཚོས་བདེ་འཇགས་ཐོན་སྐྱེད་ཞིབ་བཤེར་ཆེན་མོ་དང་ལེགས་བཅོས་ཆེན་མོ་གཏིང་ཟབ་ཏུ་སྤེལ་ནས། དུས་ལྟར་རིགས་མི་འདྲ་བའི་བདེ་འཇགས་ཉེན་ཁ་སྣ་ཚོགས་བཀག་འགོག་དང་ཐག་གཅོད་བྱས་པས། ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་གནས་བབ་སྤྱིའི་ཆ་ནས་བརྟན་བརླིང་སྲུང་འཛིན་བྱས། ཡིན་ནའང་ལོ་མཇུག་ལ་སླེབས་ལ་ཉེ་བས། བདེ་འཇགས་ཐོན་སྐྱེད་ཕྱོགས་ནས་དོན་རྐྱེན་འབྱུང་སླ་བའི་དུས་དང་ཐོན་སྐྱེད་མཆོང་བསྐྱོད་དུས་སྐབས། གནོད་འཚེ་འབྱུང་ཚད་མང་བའི་དུས་སྐབས། རིམས་ནད་འགོག་སྡོམ་གྱི་གནད་འགག་དུས་སྐབས་བཅས་ལ་འཕྲད་ཡོད་པས། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་གྱིས་བཀོད་འདོམས་བྱེད་པའི་བྱ་བ་སྣ་ཚོགས་ཀྱི་ལས་འགན་ཧ་ཅང་ལྕི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་ལག་བསྟར་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་བྱ་བ་དམ་འཛིན་བྱེད་རྒྱུ་ནི་གཏན་ཕབ་གཉིས་ལ་གོང་བཀུར་དང་། སྲུང་སྐྱོང་གཉིས་བཟང་བོར་གཉེར་བའི་ཆབ་སྲིད་ཀྱི་ཞིབ་དཔྱད་དུ་བརྩི་བ། མིག་སྔའི་བདེ་འཇགས་གནས་བབ་ཀྱི་ཛ་དྲག་རང་བཞིན་དང་རྙོག་འཛིང་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ། ཉམས་མྱོང་གི་བསླབ་བྱ་བསྡུ་ལེན་བྱེད་པ། ཉེན་ཁའི་འདུ་ཤེས་དང་མཐའ་ཚད་ཀྱི་བསམ་བློ་ཇེ་དྲག་ཏུ་གཏོང་བ། ནམ་ཞར་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ། ནམ་ཞར་བློ་སེམས་བདེ་བོ་མི་བྱེད་པའི་འགན་འཁྲིའི་འདུ་ཤེས་ལ་བརྟེན་ནས། དུས་ནམ་ཡང་དོགས་ཟོན་མཐོར་འདེགས་བྱས་ནས། ཉེན་ཁ་བཀག་འགོག་དང་བདེ་འཇགས་འགན་སྲུང་། གཏན་འཇགས་སྲུང་སྐྱོབ་ཀྱི་བྱ་བ་སྣ་ཚོགས་དམ་འཛིན་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོབ་བཟང་བོ་བྱེད་དགོས་པར་བསྟན།

ཝུའུ་ཞའོ་ཅུན་གྱིས་མཐའ་གཅིག་ཏུ་བདེ་འཇགས་ཉེན་ཁ་ཆེན་པོ་བཀག་འགོག་དང་ཐག་གཅོད་བྱས་ནས། དོན་དངོས་སྒོས་རིམས་ནད་འགོག་སྡོམ་དང་དགུན་དུས་ཀྱི་གློག་ཤུགས་འབར་རླངས་མཁོ་འདོན་སོགས་ཀྱི་བྱ་བ་གཙོ་བོར་དམ་འཛིན་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་མཐའ་ཚད་བརྟན་སྲུང་བྱེད་དགོས། རིགས་མི་འདྲ་བའི་ཉེན་ཁ་སྣ་ཚོགས་ལ་ཁྱོན་ཡོངས་ནས་ཞིབ་བཤེར་དང་ལེགས་བཅོས་བྱེད་པ་དང་། ཉོ་ཚོང་ཁེ་ལས་ཀྱི་མཛོད་ཁང་དང་དམངས་ཀྱི་སྡོད་ཁང་འཛུགས་སྐྲུན། འབར་རླངས་སྦུབས་དྲ། འབར་སླ་བ་དང་འགས་སླ་བ། ནགས་ཚལ་དང་རྩྭ་ཐང་། གྲོང་ཁྱེར་གྱི་དོ་དམ། བཟོ་སྐྲུན་འཛུགས་སྐྲུན། གཞུང་ལམ་འགྲིམ་འགྲུལ་སོགས་གཙོ་གནད་ཁྱབ་ཁོངས་གཙིགས་སུ་བཟུང་ནས། རིགས་མི་འདྲ་བའི་བདེ་འཇགས་ཉེན་ཁ་སྣ་ཚོགས་ལ་གྲལ་བཤེར་དང་ལེགས་བཅོས་བྱས་ནས། མཐའ་གཅིག་ཏུ་དོན་རྐྱེན་ཧ་ཅང་ཆེན་པོ་འབྱུང་བར་བཀག་འགོག་བྱེད་དགོས། ཉེན་ཁ་ཆེ་བའི་གནམ་གཤིས་ལ་གདོང་གཏོད་པའི་འཕྲལ་བསྟུན་ཐག་གཅོད་བྱ་བ་ལེགས་པར་བསྒྲུབ་ནས། རང་བྱུང་གནོད་འཚེ་འགོག་བཅོས་ལ་རྒྱུན་མཐུད་ངང་ཤུགས་སྣོན་དགོས། འཕྲལ་བསྟུན་ཇུས་གཞི་དང་འགོག་སྲུང་བྱེད་ཐབས་བཟང་བོ་གཏན་འབེབས་བྱེད་པ་དང་། འཕྲལ་བསྟུན་འཁྲབ་སྦྱོང་དང་དངོས་ཟོག་ཉར་ཚགས། ལས་རེས་ལས་སྲུང་ལ་ཤུགས་བསྣན་ནས། འཕྲལ་བསྟུན་ཐག་གཅོད་ནུས་པ་མཐོར་འདེགས་གཏོང་དགོས་པར་ནན་གྱིས་བསྟན།

ཝུའུ་ཞའོ་ཅུན་གྱིས་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་མཐའ་གཅིག་ཏུ་ལག་བསྟར་དང་། ཏང་སྲིད་འགན་གཅིག་དང་ལས་གཅིག་འགན་གཉིས། ལས་ཤོར་རྩད་གཅོད་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ཏེ། འགན་ཁུར་བློ་མཐུན་གཙོ་བོ་དེའི་ཁྲོད་དངོས་སུ་ཞུགས་པ་དང་དངོས་སུ་ཞིབ་འཇུག་བྱེད་པ། དངོས་སུ་སྐུལ་འདེད་གཏོང་དགོས། ལས་རིགས་ལ་དོ་དམ་བྱེད་པར་ངེས་པར་བདེ་འཇགས་ལ་དོ་དམ་བྱེད་པ་དང་། ལས་སྒོར་དོ་དམ་བྱེད་པར་ངེས་པར་བདེ་འཇགས་ལ་དོ་དམ་བྱེད་པ། ཐོན་སྐྱེད་བདག་གཉེར་ལ་དོ་དམ་བྱེད་བྱེད་པར་ངེས་པར་བདེ་འཇགས་ལ་དོ་དམ་བྱེད་པ་དོན་འཁྱོལ་བྱས་ནས། ཁྲིམས་སྲོལ་ལྟར་རིགས་མི་འདྲ་བའི་ཁེ་ལས་སྣ་ཚོགས་ཀྱིས་བདེ་འཇགས་ཐོན་སྐྱེད་ཀྱི་ཁྲིམས་བཀོད་འགན་འཁྲི་ལག་བསྟར་ནན་མོ་བྱེད་པར་སྐུལ་འདེད་གཏོང་དགོས། ཚད་གཞི་ཆེས་མཐོན་པོ་དང་རེ་བ་ཆེས་ནན་མོས་ལྟ་སྐུལ་ཞིབ་བཤེར་ཇེ་དྲག་ཏུ་བཏང་སྟེ། འགན་འཁྲི་ལག་བསྟར་མ་བྱས་པ་དང་དག་ཐེར་ལེགས་བཅོས་ནན་མོ་མ་བྱས་པའི་དབང་གིས་དོན་རྐྱེན་བྱུང་བའི་འགན་འཁྲིར་རྩད་གཅོད་ནན་མོ་བྱེད་དགོས། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་ཕན་ཡོད་གཅིག་འདོམས་བྱེད་པ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམས་བྱེད་པ། རིམས་ནད་འགོག་ཐུབ་པ་དང་དཔལ་འབྱོར་ཇེ་བརྟན་དུ་གཏོང་བ། འཕེལ་རྒྱས་བདེ་འཇགས་ཡིན་པའི་བླང་བྱ་གལ་ཆེན་མཐའ་གཅིག་ཏུ་ལག་བསྟར་བྱས་ནས། བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་དགོས་པའི་བླང་བྱ་བཏོན།

ཧྲིན་ཀྲང་གཞོན་པའམ་ཞིང་ཆེན་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ཝང་ཝེ་ཏུང་དང་། ཧྲིན་ཀྲང་གཞོན་པའམ་ཀྲུའུ་རེན་གཞོན་པ་ཚེ་རིང་ཐར། ལིའུ་ཁྲའོ། ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ། ཀྲུའུ་རེན་གཞོན་པ་ཧྲི་ཚུན་ཝུའུ་བཅས་གྲོས་ཚོགས་ལ་ཞུགས།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།