ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱིས་བྱེད་ཐབས་སྣ་མང་མཉམ་སྤྱོད་ཀྱིས་ཞིང་སྡེའི་ངལ་རྩོལ་ནུས་ཤུགས་ཕྱིར་གཏོང་ལས་ཞུགས་གོ་རིམ་ལྡན་པའི་ངང་སླར་གསོ་ཡོང་བར་སྐུལ་འདེད་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-11-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས22ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་ཤེས་གསལ་ལྟར་ན། ཏན་ཏིག་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་རིམས་ནད་འགོག་སྡོམ་དང་གཏན་འཇགས་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་བྱ་བ་སོ་སོ་བཀོད་སྒྲིག་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་ཆེད། ཉེ་ཆར། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་དང་། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། ཞིང་ཆེན་གྲོང་གསེབ་དར་སྤེལ་ཅུའུ་བཅས་དང་མཉམ་འབྲེལ་སྒོས《ཞིང་སྡེའི་ངལ་རྩོལ་ནུས་ཤུགས་ཕྱིར་གཏོང་ལས་ཞུགས་སྐོར་གྱི་འབྲེལ་ཡོད་བྱ་བའི་བརྡ་སྦྱོར》(གཤམ་དུ《བརྡ་སྦྱོར》དུ་འབོད)དཔར་འགྲེམ་བྱས་ནས། “ཞབས་ཞུའི་སྣེ་ཁྲིད་ཤུགས་དྲག་ཏུ་བཏང་ནས། ལས་ཞུགས་མཁོ་འདོན་སྟེགས་བུ་འཛུགས་སྒྲུབ”དང“རོང་འབྲོག་ཐོན་ལས་ལ་བརྟེན་ནས་ལས་ཞུགས་ཐབས་ལམ་རྒྱ་བསྐྱེད”སྐྱེལ་འདྲེན་ལག་བསྟར་དང་གོ་རིམ་ལྡན་པའི་ངང་སྒོར་འགྲོ་བར་འགན་སྲུང་”བྱེད་པ་སོགས་ཀྱི་ཐད་བྱེ་བྲག་གི་བྱེད་ཐབས16བཏོན་ནས། སྟོབས་ཤུགས་ཡོད་རྒུས་གོ་རིམ་ལྡན་པའི་ངང་ཞིང་སྡེའི་ངལ་རྩོལ་ནུས་ཤུགས་ཕྱིར་གཏོང་ལས་ཞུགས་སླར་གསོ་བྱས་ནས། ངལ་རྩོལ་བའི་ལས་ཞུགས་ཐབས་ལམ་རྒྱ་བསྐྱེད་པར་རོགས་འདེགས་བྱས་ཏེ། ལས་ཞུགས་ཡོང་སྒོ་འཕར་བར་སྐུལ་འདེད་བཏང་།

《བརྡ་སྦྱོར》གྱི་བླང་བྱ་ལྟར། ཁྱོན་ཡོངས་ནས་ཞིང་སྡེའི་ངལ་རྩོལ་ནུས་ཤུགས་ལས་ཞུགས་ཀྱི་འདོད་བློ་དང་། གཙོ་གནད་ཁེ་ལས་ཀྱི་ལས་བཀོལ་དགོས་མཁོར་རྩད་ཞིབ་བྱས་ཏེ། “ངལ་རྩོལ་མི་སྣ་གཅིག་བསྡུས་སྒོར་འགྲོ་བའི་རྩིས་ཐོ”དང“གཙོ་གནད་ཁེ་ལས་ལས་བཀོལ་དགོས་མཁོའི་རྩིས་ཐོ”གྲུབ་པར་བྱེད་དགོས། དྲ་ཐོག་དང་ཡུལ་དངོས་ལས་ཞུགས་ཞབས་ཞུའི་སྟེགས་བུའི་བྱེད་ནུས་འདོན་སྤེལ་བྱས་ཏེ། ཕྱོགས་གཉིས་ཀྱི་ལས་གནས་ཀྱི་ཐབས་ལམ་མཐུད་སྦྲེལ་ཤར་གཏོང་བྱེད་དགོས། ཁ་གཏད་རོགས་སྐྱོར་ཞིང་ཆེན(གྲོང་ཁྱེར)དུ་རང་ཞིང་གི་ཞིང་སྡེའི་ངལ་རྩོལ་ནུས་ཤུགས་ལས་ཞུགས་ལས་གནས་མཁོ་འདོན་བྱེད་པ་དང་། ཕྱི་ཕྱོགས་སུ་ལས་ཞུགས་འདོད་བློ་ཡོད་པའི་མང་ཚོགས་ལ་གནད་ཁེལ་ངང་བསྐུར་དགོས། ཞིང་སྡེའི་ངལ་རྩོལ་ནུས་ཤུགས་དང་། དབུལ་ཐར་ངལ་རྩོལ་ནུས་ཤུགས་སོགས་ལ་ཁ་ཕྱོགས་ནས། གཞི་ཁྱོན་ཆེ་བའི་ཆེད་ལས་རྩལ་ནུས་གསོ་སྦྱོང་དང་། ཞིང་སྡེའི་ལག་རྩལ་གསར་བའི་གསོ་སྦྱོང་བྱ་བ་སྤེལ་ཏེ། རྩལ་ནུས་དང་གསོ་སྦྱོང་། ཁེ་ལས་ཀྱི་ལས་གནས་དགོས་མཁོ་ཕན་ནུས་ལྡན་པའི་ངང་མཐུད་སྦྲེལ་ཤུགས་དྲག་ཏུ་གཏོང་དགོས་པའི་བླང་བྱ་བཏོན།

《བརྡ་སྦྱོར》ལས། ཞིང་བ་དང་ཁེ་ལས། མཉམ་ལས་ཁང་སོགས་དང་འབྲེལ་བའི་རོང་འབྲོག་དམངས་ལ་ནོར་ལུག་གསོ་སྤེལ་བྱེད་པར་སྣེ་ཁྲིད་དང་། ཞིང་ལས་ཐོན་ལས་ཐོན་སྐྱེད་དང་ཕྱིར་འཚོང་། “ཁེ་ལས་དང་རྟེན་གཞི། ཞིང་བའི་དུད་ཁྱིམ”སོགས་ཀྱི་རྣམ་པས་མུ་མཐུད་དུ་ལས་བཀོལ་ལས་རྐང་གྲངས་ཀ་རྒྱ་བསྐྱེད་དགོས། ཞིང་སྡེའི་ལས་རིགས་གསར་སྐྲུན་སྣེ་ཁྲིད་མི་སྣ་གསོ་སྐྱོང་བྱ་འགུལ་ལག་བསྟར་དང་། ལས་རིགས་གསར་སྐྲུན་དབུལ་སྐྱོར་སྲིད་ཇུས་དོན་འཁྱོལ་བྱས་ཏེ། རིགས་སོ་སོའི་ཚོགས་པ་ཕྱིར་ཕ་ཡུལ་དུ་ཡོང་ནས་ལས་རིགས་གསར་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་དགོས། ཞིང་སྡེའི་ཁམས་གསེང་གནས་སྐོར་དང་ཐད་གཏོང་དངོས་ཟོག་འཚོང་བ། ཞིང་སྡེའི་གློག་རྡུལ་ཚོང་དོན་སོགས་ཀྱི་ལས་རིགས་གསར་བ་འཕེལ་རྒྱས་སུ་གཏོང་བ་དང་། “མཚོ་སྔོན་གྱི་ཕྱེ་ཐུག”དང“མཚོ་སྔོན་གྱི་གཙགས་དྲུབ”སོགས་ངལ་རྩོལ་ཟོང་རྟགས་གསོ་སྐྱོང་བྱས་ཏེ། རོང་འབྲོག་དམངས་ཀྱི་ལས་རིགས་གསར་སྐྲུན་ལ་སྣེ་ཁྲིད་བྱེད་དགོས། ཞིང་སྡེའི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལག་བསྟར་མགྱོགས་སུ་གཏོང་བ་དང་། མི་སྡོད་ཁོར་ཡུག་བཅོས་སྐྱོང་སོགས་ཀྱི་ལས་གཞི་ལག་བསྟར་བྱས་ནས། གཞི་རིམ་གྱི་སྤྱི་ཕན་རང་བཞིན་གྱི་ངལ་རྩོལ་ལས་གནས་མང་དུ་གཏོང་དགོས་པའི་བླང་བྱ་བཏོན། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།