ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱི་ན་གོར་མོ་ནས་མང་ཨེ་བར་གྱི་གཞུང་ལམ་གྱི་རྒྱས་སྐྲུན་ལས་གཞིའི་གཙོ་གནད་ལས་གཞི་བདེ་བླག་ངང་ཞིབ་བཤེར་རྩིས་ལེན་ཐོབ་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-11-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1129146543_16690278958961n.jpg

 པར་འདི་ནི་ཞིབ་བཤེར་རྩིས་ལེན་ཐོབ་པའི་ན་གོར་མོ་ནས་མང་ཨེ་བར་གྱི་གཞུང་ལམ་ཡིན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་ཚད་ཡོད་ཀུང་ཟི་ནས་རྒྱུས་ལོན་པ་ལྟར་ན། ཟླ11པའི་ཚེས20ཉིན། ན་གོར་མོ་ནས་མང་ཨེ་བར་གྱི་གཞུང་ལམ་གྱི་རྒྱས་སྐྲུན་ལས་གཞིའི་གཙོ་གནད་ལས་གཞི་བདེ་བླག་ངང་ཞིབ་བཤེར་རྩིས་ལེན་ཐོབ་པ་དང་། མི་འགྱངས་བར་འཁོར་སྐྱོད་བྱེད་མགོ་རྩོམ་རྒྱུ་རེད།

མཚོ་སྔོན་ཞིང་ཆེན་གྱི་དམིགས་བསལ་ཆོག་མཆན་ཐོབ་ནས་གཉེར་སྐྱོང་བྱེད་པའི“ROT”རྣམ་པའི་རྣམ་གྲངས་ཀྱི་གཙོ་གནད་ལས་གཞི་ཡིན་པའི་ཆ་ནས། ན་གོར་མོ་ནས་མང་ཨེ་བར་གྱི་གཞུང་ལམ་གྱི་རྒྱས་སྐྲུན་ལས་གཞི2020ལོའི་ཟླ5བར་དངོས་སུ་འཛུགས་སྐྲུན་བྱེད་མགོ་བརྩམས་པ་ཡིན། འཛུགས་སྐྲུན་ལས་ཁུངས་ཀྱིས་གནད་འགག་གི་གོ་རིམ་ལ་དམིགས་ཏེ་དུས་ཡུན་དམ་འཛིན་བྱས་ཤིང་། མཐོ་གྲང་དང་དབྱང་དཀོན་པ། ཐན་པ་ཆེ་བའི་དཀའ་ཁག་ཁྱད་དུ་སེལ་ནས། གན་རྒྱ་བཞག་པའི་ལས་ཡུན་ལས་ཟླ5ཡི་སྔོན་ལ་རྣམ་གྲངས་ཀྱི་གཙོ་གནད་ལས་གཞིའི་འཛུགས་སྐྲུན་ལས་འགན་ལེགས་འགྲུབ་བྱས།

འགྲིམ་འགྲུལ་ལས་གཞི་ཞིབ་བཤེར་མགོ་ཁྲིད་ཚན་ཆུང་གིས་ཞིབ་བཤེར་བྱས་པ་བརྒྱུད། རྣམ་གྲངས་དེ་དམིགས་ཚད་ཇུས་འགོད་ལུགས་མཐུན་ཡིན་པ་དང་། ལམ་ངོས་དམ་ཚགས་བརྟན་བརླིང་ཡིན་པ། རླངས་འཁོར་སྐྱོད་པར་བདེ་བ། ཟམ་པའི་སྒྲིག་གཞིའི་དབྱིབས་རྩིས་རིང་ཐུང་། ཨར་འདུམ་གྱི་སྟུག་ཚད་བཅས་ཇུས་འགོད་དང་ཚད་གཞིའི་བླང་བྱ་དང་མཐུན་ལ། འགྲིམ་འགྲུལ་བདེ་འཇགས་སྒྲིག་ཆས་བཀོད་སྒྲིག་ཚད་ལྡན་དང་ལུགས་མཐུན་ཡིན་པ། ཡིག་ཚགས་རྒྱུ་ཆ་ཆ་ཚང་དང་ཚད་ལྡན་ཡིན་པ། ལས་གཞི་སྤྲོད་པའི་ཞིབ་བཤེར་ཆ་རྐྱེན་ཚང་པས། ཞིབ་བཤེར་རྩིས་ལེན་ལ་ཆོག་མཆན་ཐོབ་པ་རེད།

ན་གོར་མོ་ནས་མང་ཨེ་བར་གྱི་གཞུང་ལམ་གྱི་རྒྱས་སྐྲུན་ལས་གཞི་ནི“ཞིན་ཅིང་དང་མཚོ་སྔོན། སི་ཁྲོན་བཅས་ཀྱི་རྒྱུ་ལམ་ཆེན་མོ”གྲུབ་ཆ་གཙོ་བོ་ཡིན་ལ། སི་ཁྲོན་ནས་མཚོ་སྔོན་བརྒྱུད་དེ་ཞིན་ཅིང་ལ་འགྲོ་བའི་བགྲོད་ལམ་གལ་ཆེན་ཡང་ཡིན། རྣམ་གྲངས་འཛུགས་སྐྲུན་ལེགས་འགྲུབ་བྱུང་རྗེས་མཚོ་སྔོན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་རྨང་གཞི་སྒྲིག་ཆས་དྲ་རྒྱ་འཐུས་ཚང་དུ་གཏོང་བ་དང་། མཚོ་སྔོན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་འཛུགས་སྐྲུན་བྱེད་པ། ས་ཁོངས་ཀྱི་དགེ་མཚན་ལྡན་པའི་ཐོན་ཁུངས་གསར་སྤེལ་བྱེད་པ། ལམ་རྒྱུད་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཕྱོགས་ནས་ཤིན་ཏུ་གལ་ཆེ་བའི་ཕན་ནུས་དང་དོན་སྙིང་ལྡན་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།