ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཞིང་ཕྱུགས་ཐོན་རྫས་བྲིན་ཚོང་དང་ཕྱུགས་ཟོག་ཕྱིར་འཚོང་བྱེད་ཚད་རིམ་བཞིན་མཐོ་རུ་ཕྱིན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2022-11-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས20ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་ནས་ཤེས་གསལ་ལྟར་ན། ད་ལོར་པྲོག་གསར་གློ་ཚད་རིམས་ནད་བྱུང་བ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་དང་ཕྱུགས་ཟོག་ཕྱིར་འཚོང་བྱེད་ཚད་ལ་ཤུགས་རྐྱེན་ཐེབས་ནས། ས་གནས་སོ་སོར་ཚད་གཞི་མི་འདྲ་བའི“འཚོང་དཀའ་བ”དང“ཉོ་དཀའ་བའི”སྣང་ཚུལ་ཐོན། དེར་བརྟེན། ཞིང་ཆེན་སྲིད་གཞུང་གིས་ཆེད་དོན་བཀོད་སྒྲིག་ཚོགས་འདུ་འཚོགས་ནས། ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་གིས“ཞིང་ཆེན་རིམས་ནད་འགོག་སྡོམ་བཀོད་འདོམས་པུའུ་ཡིས་ཕྱུགས་ཟོག་དང་ཞིང་ཕྱུགས་ཐོན་རྫས་གཅིག་སྡུད་ཉོ་ཚོང་དང་རིམས་ནད་འགོག་སྡོམ་བྱ་བའི་ཆེད་ལས་འཛིན་གྲྭ”བཙུགས་ནས། ཚན་རིག་དང་མཐུན་པར་རིམས་ནད་འགོག་སྡོམ་དང་བདེ་འཇགས་འགན་ལེན་སྒོས་ནུས་ཤུགས་ཡོད་རྒུས་ཐོན་སྐྱེད་མཁོ་སྤྲོད་བརྟན་འཇགས་གཏོང་བ་དང་། ཐབས་ལམ་རྒྱ་ཆེར་བཏང་ནས་ཤར་གཏོང་ཐུབ་པ་བྱས་པས། མིག་སྔར་ཞིང་ཆེན་ཡོངས་ཀྱི་ཞིང་ཕྱུགས་ཐོན་རྫས་བྲིན་ཚོང་དང་ཕྱུགས་ཟོག་ཕྱིར་འཚོང་བྱེད་ཚད་རིམ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད། 

ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར(ཁུལ)8ཀྱི་རྫོང(གྲོང་ཁྱེར་དང་ཆུས)36གིས་ཀྱང་དེ་མཚུངས་ཀྱི་བྱ་བའི་ཆེད་ལས་འཛིན་གྲྭ་བཙུགས་ཏེ་འབྱུང་ཁུངས་ནས་མཁོ་སྤྲོད་དང་། བརྒྱུད་རིམ་སྐྱེལ་འདྲེན། མཐའ་སྣེ་ཕྱིར་ཚོང་སོགས་ལྷུ་ཚིགས་ཁག་ནས་རིམ་པ་བཞིན་ཞིབ་ཕྲའི་བྱ་བའི་བྱེད་ཐབས་བཟོས་ཏེ། “གནས་གཏད་གནས”དང“གཅིག་གཏད་གཅིག”དང“རྒྱབ་སྤྲོད་རྒྱབ”ཀྱི་ས་གནས་བཀག་སྡོམ་ཕྱིར་འཚོང་དང་། དྲ་ཐོག་ཕྱིར་འཚོང་བྱས་པ་བརྒྱུད། ནོར་ལུག་མགྱོགས་མྱུར་སྒོས་ཕྱིར་འཚོང་བྱེད་པར་སྐུལ་འདེད་བཏང་ནས། ཞིང་ཕྱུགས་ཐོན་རྫས་དུས་ལྟར་ཕྱིར་འཚོང་བྱེད་ཀྱི་ཡོད་པ་རེད། ས་གནས་སོ་སོས་དྲ་ཐོག་དང་ཡུལ་དངོས་གཉིས་ཀྱི་ཚོང་རར་གཅིག་གྱུར་གྱིས་འཆར་འགོད་བྱས་ནས། ཕྱུགས་ཟོག་ཉོ་ཚོང་ཁྲོམ་ར་དང་ཞིང་ཕྱུགས་ཐོན་ཟོག་སྡེབ་ཚོང་ཁྲོམ་རའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ས་ཁུལ་དེ་གའི་ཞིང་ཞོར་ཉོ་ཚོང་ཁྲོམ་ར་དང་། མུ་འབྲེལ་སྒོ་རྩིས་ཚོང་ཁང་དང་གནད་འཁེལ་འབྲེལ་མཐུད་བྱེད་པར་ཤུགས་སྣོན་དང་། ས་གནས་དེ་གའི་ཁེ་ལས་ཀྱིས་བཤས་གཏོང་ལས་སྣོན་ནུས་པ་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱེད་པ། ནོར་ལུག་གསོ་སྐྱོང་མཉམ་ལས་ཁང་དང་གསོ་ཚགས་ར་བའི་ས་གནས་དང་ཉེ་འཁོར་དུ་ཉོ་འཚོང་བྱེད་པར་རྩ་འཛུགས་བྱས་ནས། ཁོངས་གཏོགས་ཁུལ་གྱི་ལས་ཁུངས་དང་། བཟོ་གཏེར་ཁེ་ལས། བཅའ་སྡོད་དཔུང་སྡེ་སོགས་ལ་སྔོ་ཚལ་དང་ནོར་ལུག་གི་ཤ་གོ་རིམ་ལྡན་པའི་ངང་སྡེབ་སྐྱེལ་བྱས་པ་དང་།  དྲ་ཐོག་ཐད་གཏོང་དང་། སྐད་འཕྲིན་གྱི་ཚོགས་པ། ཐད་གཏོང་ཟོག་འདྲེན་སོགས་ཀྱི་རྣམ་པ་བརྒྱུད་ནས་ཐབས་བརྒྱ་ཇུས་སྟོང་གིས་ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་བྱེད་པའི་རྒྱ་ཆེ་རུ་བཏང་།

ཟླ11པའི་ཟླ་འགོར་བྱ་བའི་ཆེད་ལས་འཛིན་གྲྭ་བཙུགས་པ་ནས་བཟུང་། ཞིང་ཆེན་ཡོངས་ཀྱིས་ཞིང་ཕྱུགས་ཐོན་རྫས་ཐོན་ཁུལ་དང་འགྲིམ་འགྲུལ་ཕྱིར་གཏོང་ནང་འདྲེན་གྱི་ཉེ་འགྲམ་དུ་གནས་སྐབས་ཉོ་ཚོང་ཁྲོམ་ར66བཙུགས་ནས། ཞིང་ཕྱུགས་ཐོན་རྫས་གནས་སྐབས་བསྡུ་འགྲེམས་བྱེད་ཁུལ9བཙུགས་པ་དང་། ཁེ་ལས་པའི་དཔུང་ཁག63། སྐྱེལ་འདྲེན་ཚོགས་པ93། མཁོ་འདོན་ཆ་འཕྲིན་ཚོགས་པ53། འགྲིམ་འགྲུལ་དང་ལེན་ལས་རེས་ཚོགས་པ་དང་སྡེབ་སྐྱེལ་ཚོགས་པ་སོགས་བཙུགས་ནས། ཞིང་ལས་དང་འབྲེལ་བ་ཡོད་པའི་དངོས་ཟོག་སྐྱེལ་འདྲེན་གྱི་རླངས་འཁོར་འགྲོ་འོང་ལག་ཁྱེར14819སྤྲད་པ་དང་། འགག་སྒོའི་གནད་དོན115དུས་ཐོག་ཏུ་ཐག་གཅོད་བྱས། 

བཀོད་གཏོང་བྱས་པ་ལྟར་ན། ཟླ11པའི་ཚེས20ཉིན་བར། ཞིང་ཆེན་ཡོངས་ཀྱི་ཞིང་ལས་ཐོན་རྫས་གཙོ་བོའི་ཁྲོད་སྲན་མ་དང་ཤིང་འབྲས་བཙོངས་ཚར་བ་དང་། གྲོ་དང་ནས་མང་ཆེ་བ་བཙོངས་ཟིན་ལ། ཞོག་ཁོག་དང་པད་ཁ་མགྱོགས་མྱུར་སྒོས་འཚོང་བཞིན་ཡོད་པ་དང་། ནོར་ལུག་ཕྱིར་འཚོང་བྱེད་ཚད་ཀྱི་གྲངས་ཀ་ཁྲི86.98ལ་སླེབས་ཡོད། དེའི་ནང་ནོར་གནག་ཕྱིར་འཚོང་བྱེད་ཚད་ཀྱིས་གྲངས་ཀ་ཁྲི1900ལ་སླེབས་པ་དང་། ལུག་ཕྱིར་འཚོང་བྱེད་ཚད་ཀྱི་གྲངས་ཀ་ཁྲི654.98ལ་སླེབས་ཡོད། ཕག་ཕྱིར་འཚོང་བྱེད་ཚད་ཀྱི་གྲངས་ཀ་ཁྲི61.93ལ་སླེབས་པ་དང་། ཁྱིམ་བྱ་ཕྱིར་འཚོང་བྱེད་ཚད་ཀྱི་གྲངས་ཀ་ཁྲི135.07ལ་སླེབས་ཡོད་པས། ཞིང་ཆེན་ཡོངས་ཀྱི་ཕྱུགས་ཟོག་དང་བྱ་རིགས་ཕྱིར་འཚོང་བྱེད་ཚད་ཀྱི་བྱ་བར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོན།  །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།