ཀྲུང་གོ་བོད་ཀྱི་དྲ་བ།

ཞིན་ཁྲང་ཞིང་གིས་ཟི་ལིང་གྲོང་ཁྱེར་གྱི་རིམས་ནད་འགོག་སྡོམ་བྱ་བར་ལྟ་སྐུལ་མཛུབ་སྟོན་དང་རྟོག་ཞིབ་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-11-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞིན་ཁྲང་ཞིང་གིས་ཟི་ལིང་གྲོང་ཁྱེར་གྱི་རིམས་ནད་འགོག་སྡོམ་བྱ་བར་ལྟ་སྐུལ་མཛུབ་སྟོན་དང་རྟོག་ཞིབ་བྱས་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་ཆ་ཚང་དང་ཡང་དག་པར་བྱེད་པ། རིམས་ནད་འགོག་སྡོམ་བྱ་བ་ལེགས་སྒྱུར་བྱེད་པའི་བྱེད་ཐབས་ཉི་ཤུ་དང་པར་ཐེངས་དགུ་པའི་འགོག་སྡོམ་ཇུས་གཞི་གཉིས་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱེད་པ། མཉམ་དུ་རྒྱུས་ལོན་བྱེད་པ་དང་མཉམ་དུ་ལག་བསྟར་བྱེད་པ། མཉམ་དུ་དོན་འཁྱོལ་བྱེད་པ། ཚན་རིག་དང་མཐུན་པ་དང་གནད་དུ་འཁེལ་བའི་འགོག་སྡོམ་དུས་རིམ་རེ་རེར་དོན་འཁྱོལ་བྱས་ནས། ཆེས་མགྱོགས་པའི་སྒོ་ནས་སྤྱི་ཚོགས་ངོས་ཀྱི་འགུལ་རྣམ་གཙང་སེལ་མངོན་འགྱུར་བྱེད་དགོས་པར་ནན་གྱིས་བསྟན། 

ཞིན་ཁྲང་ཞིང་ཐོག་མར་མཁར་བྱང་ཁུལ་ཧའོ་ཏེན་གཞིས་ཁུལ་དུ་སོང་ནས། བྱ་བ་སྒྲུབ་མཁན་གྱིས་ཉེན་ཁ་ཆེ་བའི་ས་ཆའི་འགོག་སྡོམ་མི་སྣའི་ཞབས་ཞུ་འགན་སྲུང་དང་དངོས་ཟོག་སྐྱེལ་འདྲེན་སོགས་གནས་ཚུལ་ཐད་ཀྱི་ངོ་སྤྲོད་ལ་ཉན་ནས། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་ནམ་ཡང་རྒྱུན་འཁྱོངས་བྱེད་པ་དང་། དུས་ནམ་ཡང་མང་ཚོགས་བསམ་པ་དང་། ཐབས་བརྒྱ་ཇུས་སྟོང་གིས་སྔོ་ཚལ་སྐྱེལ་འདྲེན་སོགས་ཀྱི་འགན་སྲུང་བཟང་བོར་བསྒྲུབ་པའི་རྨང་གཞིའི་སྟེང་། ནུས་ཤུགས་གང་ཡོད་ཀྱིས་མང་ཚོགས་ཀྱི་རང་གཤིས་ཅན་གྱི་དགོས་མཁོ་སྐོང་དགོས། སྐད་འཕྲིན་སོགས་ཀྱི་རྣམ་པ་བརྒྱུད་དེ། མང་ཚོགས་ཀྱི་སེམས་གཏམ་ལ་ཉན་པ་དང་མང་ཚོགས་ཀྱི་ཞུ་གཏུག་ལ་རྒྱུས་ལོན་བྱེད་པ། དུས་ཐོག་ཏུ་བརྗེ་རེས་སྣེ་ཁྲིད་བྱས་ནས། མང་ཚོགས་ཀྱི་བྱ་བ་བཟང་བོར་བསྒྲུབ་དགོས། ཁེར་སྡོད་ལོ་ལོན་དང་སྦྲུམ་མ། རྨང་གཞི་ནད་རིགས་བྱུང་བའི་ནད་པ་སོགས་དམིགས་བསལ་མི་ཚོགས་ལ་མཐོང་ཆེན་དང་སེམས་ཁུར་གཟིགས་སྐྱོང་བྱེད་པ་དང་། ཁ་གཏད་འབྲེལ་འདྲིས་ཀྱི་འབྲེལ་བ་འཛུགས་པ། ཞབས་ཞུ་འགན་སྲུང་བཟང་བོར་སྒྲུབ་ནས། ཁོ་ཚོར་དཀའ་ཁག་ཐག་གཅོད་རོགས་བྱེད་དགོས། ཞིན་ཁྲང་ཞིང་གིས་ཡུལ་དངོས་ཀྱི་འགོག་སྡོམ་ལས་བྱེད་མི་སྣས་ལས་དུས་འཕར་སྣོན་དང་ཉིན་མཚན་མེད་པར་འབད་འཐབ་བྱས་པར་བཀའ་དྲིན་ཞུས་པ་དང་། རིམས་ནད་འགོག་སྡོམ་བྱ་བ་བཟང་བོར་སྒྲུབ་པའི་ཞོར་དུ། ངལ་རྩོལ་དང་ངལ་གསོ་ཟུང་འབྲེལ་བྱེད་པར་དོ་སྣང་བྱས་ཏེ། རང་སྟེང་གི་ལུས་ཕུང་བདེ་ཐང་ལ་ཁག་ཐེག་བྱེད་དགོས་པའི་མངགས་བཅོལ་བྱེད་དགོས་པར་ནན་གྱིས་བསྟན།

དེའི་རྗེས་ཞིན་ཁྲང་ཞིང་མཁར་ནུབ་ཁུལ་ཀྲུའུ་ཅི་ཞང་ཚོང་རར་ཕྱིན་ནས། དངོས་ཟོག་ཉོ་བཞིན་པའི་གྲོང་མི་དང་ཚོང་གཉེར་བྱེད་བཞིན་པའི་ཚོང་བ་དང་གླེང་མོལ་བྱས་པ་དང་། ཚོང་རྫས་ཀྱི་རིན་གོང་བརྟན་འཇགས་ཡིན་མིན་དང་ཚོང་འདྲེན་ལམ་བུ་ཐོགས་མེད་ཡིན་མིན། འགོག་སྡོམ་བྱེད་ཐབས་ལག་བསྟར་བྱས་པ་བཟང་མིན་བཅས་ཐད་ནས་གསལ་བོར་དྲིས། ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། གཙོ་གནད་མི་སྣའི་བདེ་ཐང་ལྟ་ཞིབ་དང་ཉིང་སྐྱུར་བརྟག་དཔྱད་ལ་ཤུགས་སྣོན་པ་དང་། ཁུལ་བརྒལ་གྱི་འཁོར་སྐྱོད་འགོག་སྡོམ་བྱེད་ཐབས་ཇེ་ལེགས་སུ་གཏོང་བ། ཚོང་ར་གཙོ་གཞིའི་སེམས་གཏམ་ལ་ཉན་པ། དངོས་ཟོག་ཉར་གསོག་སྐྱེལ་འདྲེན་དང་ཚོང་རའི་མཁོ་འདོན་འགན་སྲུང་དང་རིན་གོང་བརྟན་འཇགས་བྱ་བར་སྔར་ལས་ཤུགས་བསྣན་ནས། མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་དགོས་མཁོ་ལ་འགན་སྲུང་བྱེད་དགོས། ཚད་མཐའི་བསམ་བློ་ཇེ་བརྟན་དུ་གཏོང་བ་དང་། ཉེན་ཁར་ཞིབ་འཇུག་བརྡར་གཅོད་བྱེད་པ། གནད་ལ་འཁེལ་བ་དང་ཁ་ཕྱོགས་གཏན་ཁེལ་ལྟར་སྲིད་ཇུས་སྤྱོད་པ། བྱ་བ་སྟབས་བདེ་ཅན་དུ་བསྒྱུར་བ་དང་དབྱེ་བ་མེད་པར་བྱེད་པ། རིམ་པ་བཞིན་གོང་སྤར་བར་བཀག་འགོག་བྱེད་པ། གོ་རིམ་ལྡན་པའི་སྒོ་ནས་རྒྱུན་ལྡན་གྱི་ཐོན་སྐྱེད་འཚོ་བའི་སྒྲིག་ལམ་སླར་གསོ་བྱས་ཏེ། གྲོང་ཁྱེར་གསོན་ཤུགས་ལྡན་པར་བྱེད་དགོས། བསམ་བློའི་སྟེང་དུས་ནམ་ཡང་རིག་པ་གསལ་བོ་བྱེད་པ་དང་བློ་རྩ་བརྟན་པོ་རྒྱུན་འཁྱོངས་བྱེད་པ། བྱ་བའི་སྟེང་ཚན་རིག་དང་མཐུན་པ་དང་གནད་ལ་འཁེལ་བར་བྱེད་པ། ཏན་ཏན་ཏིག་ཏིག་བྱེད་པ། བྱ་སྤྱོད་སྟེང་ནུད་ལྡན་དངོས་གཉེར་དང་གཟབ་ནན་ཞིབ་ཚགས་བྱེད་པ། རིམས་ནད་འགོག་སྡོམ་གྱི་དུས་ཚོད་དང་ཚད་གཞི། ཕན་འབྲས་བཅས་ཁོང་དུ་ཆུད་པར་བྱེད་པ། རིམས་ནད་ཀྱི་འགོ་ཁུངས་འཚོལ་བ། བཀག་སྡོམ་བྱེད་པ་ཙམ་དང་བཏང་ལྷོད་བྱེད་པ་ཙམ་མི་བྱེད་པ། ནུས་ལྡན་སྒོས་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་འདོམས་བྱས་ཏེ། ཚད་ཆེས་ཆེ་བའི་སྒོ་ནས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་སྲུང་སྐྱོབ་བྱེད་པ་དང་། ཚད་ཆེས་ཆེ་བའི་སྒོ་ནས་རིམས་ནད་འགོག་སྡོམ་གྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་བཟོས་པའི་གནོད་པ་ཇེ་ཆུང་དུ་གཏོང་དགོས་པར་ནན་གྱིས་བསྟན།

མཁར་ནུབ་ཁུལ་ཨན་ཐའེ་ཧྭ་ཐིན་གཞིས་ཁུལ་དང་པོ་ཉེན་ཁ་ཆེ་བའི་ས་ཁུལ་གྱི་འགོག་སྡོམ་ལས་གློད་པ་དང་། ཞིན་ཁྲང་ཞིང་གིས་གཞིས་ཁུལ་གྱི་རིམས་ནད་འགོག་སྡོམ་དང་སྡོད་དམངས་ཀྱི་འཚོ་བའི་འགན་སྲུང་སོགས་གནས་ཚུལ་ལ་ཞིབ་ཕྲའི་རྒྱུས་ལོན་བྱས་ནས། འགོག་སྡོམ་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། མང་ཚོགས་ཀྱིས་རང་ངོས་སྲུང་སྐྱོབ་ལ་ཤུགས་སྣོན་པར་སྣེ་ཁྲིད་བྱས་ནས། འགོག་སྡོམ་སྔར་ལས་གཟབ་ནན་བྱེད་པ་དང་། སྔ་མོ་བཞིའི་བྱ་བ་སྔར་ལས་བཟང་བོར་སྒྲུབ་དགོས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་རྩ་འཛུགས་བྱས་ནས་རང་འགུལ་གྱིས་སྲང་ལམ་གཞིས་ཁུལ་དུ་སོང་ནས། རིམས་ནད་འགོག་སྡོམ་བྱ་བའི་ཁྲོད་ཞུགས་པ་དང་། རིམས་ནད་ཚར་གཅོད་དམག་འཐབ་ལ་རྒྱལ་ཁ་ལེན་པར་སྟོབས་ཤུགས་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས། རིམས་ནད་འགོག་སྡོམ་གྱི་དྲ་མིག་ཅན་གྱི་བྱ་བའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། མཐའ་ཚད་ལ་རྒྱུས་ལོན་གསལ་བོ་བྱེད་པ་དང་ཐོན་ཁུངས་སྔོག་འདོན་བྱེད་པ། རྩིས་ཐོ་བཟོ་བ། རིམས་མེད་སྡེ་ཁུལ་འཛུགས་སྐྲུན་བྱས་ནས། རིམས་ནད་འགོག་སྡོམ་དྲ་རྒྱ་བརྟན་པོ་འཛུགས་དགོས་པར་ནན་གྱིས་བསྟན།

ཁྲིན་རུའེ་ཧྥིན་དང་ཝང་ཏ་ནན་གཉིས་རྟོག་ཞིབ་ལ་ཞུགས། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།