ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱིས་ཁག་དང་པོའི་ཞིང་ཆེན་རིམ་པའི་རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱི་རྟེན་གཞི་དང་མཉམ་འདྲེས་འཕེལ་རྒྱས་དཔེ་སྟོན་ཁུལ་འཛུགས་པའི་མིང་ཐོ་ཁྱབ་བསྒྲགས་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-11-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ11པའི་ཚེས16ཉིན།  གསར་འགོད་པས་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་ནས་ཤེས་གསལ་ལྟར་ན།  ཞིང་ཆེན་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་དང་།  རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་རྒྱུར་སྐུལ་འདེད་གཏོང་ཆེད།  ཉེ་ཆར།  མཚོ་སྔོན་ཞིང་ཆེན་གྱིས་ཁག་དང་པོའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་རྟེན་གཞིའི་མིང་ཐོ་དང་།  ཁག་དང་པོའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་དཔེ་སྟོན་ཁུལ(ས་ཚིགས)འཛུགས་པའི་ལས་ཁུངས་ཀྱི་མིང་ཐོ་ཁྱབ་བསྒྲགས་བྱས། 

རྒྱུས་ལོན་པ་ལྟར་ན།  ཁག་དང་པོའི་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐོན་ལས་རྟེན་གཞིའི་གྲས་སུ་མཚོ་སྔོན་ཅི་ཧི་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སི་དང་།  ཟི་ལིང་ཞིན་ཧྭ་ལེན་བྱིས་པའི་དགའ་སྐྱིད་གླིང་ག་ཚད་ཡོད་ཀུང་སི།  མཚོ་སྔོན་ཆན་ཙེ་ཡོན་ཞིང་ལས་ཚན་རྩལ་དངོས་མང་བཤམས་སྟོན་ཁང་།  མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་གཙགས་དྲུབ་ཧོར་རིགས་རིག་གནས་བརྒྱུད་སྤེལ་ཚད་ཡོད་ཀུང་སི།  རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་སྒྱུ་རྩལ་གླིང་སོགས་ལས་ཁུངས18ཡོད།  ཁག་དང་པོའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ(ས་ཚིགས)བཏོད་པའི་ལས་ཁུངས་ནང་ཐང་ཏའོ637ཚོང་ལས་ཕྱོགས་བསྡུས་ཁང་དང་།  ཉི་ཟླ་རི་བོའི་མཛེས་ལྗོངས་ཁུལ།  ཧོང་ཡོན་སྟོང་སྐོར་གནའ་གྲོང་མཛེས་ལྗོངས་ཁུལ།  ཕིན་ཨན་ས་ཚིགས་ཀྱི་རྨ་ཙོང་དམངས་སྲོལ་རིག་གནས་ཉམས་ལེན་ཁུལ།  ཚྭ་ཁའི་མཛེས་ལྗོངས་ཁུལ་ཨང་དང་པོ་སོགས་ལས་ཁུངས17ཚུད་ཡོད། 

རྗེས་མར།  ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་རིག་གནས་དང་ཡུལ་སྐོར་སྡེ་ཁག་གིས་རིག་གནས་དང་ཡུལ་སྐོར་ཐོན་ལས་རྟེན་གཞི་འཛུགས་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་གཏོང་རྒྱུ་དང་།  སྲིད་ཇུས་ཀྱི་མ་དངུལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ།  ས་གནས་ཀྱི་གསར་གཏོད་གཉིས་ཚད་ལྡན་དུ་འཕེལ་རྒྱས་གཏོང་བར་ཁྲིད་སྟོན་བྱེད་པ།  ཚོང་རའི་གྲུབ་ཆ་གཙོ་བོ་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བ།  རིག་གནས་དང་ཡུལ་སྐོར་ལས་རིགས་ཕུན་ཚོགས་སུ་གཏོང་བ།  ཐོན་རྫས་དང་ཞབས་ཞུའི་མཁོ་སྤྲོད་ཇེ་ལེགས་སུ་གཏོང་བ།  ས་ཁོངས་ཀྱི་རིག་གནས་ཐོན་ལས་དང་ཡུལ་སྐོར་ཐོན་ལས་མཐུན་སྦྱོར་མཉམ་འགུལ་ངང་འཕེལ་རྒྱས་གཏོང་བར་སྐུལ་ཁྲིད་བྱས་ནས།  མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ཐོན་ལས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་བ་ཞིག་ཆགས་པར་སྐུལ་འདེད་གཏོང་དགོས།  དེ་དང་ཆབས་ཅིག  2023ལོར་ཞིང་ཆེན་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ(ས་ཚིགས)འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ནས།  འཆར་གཞི་ལྟར་ཁག་དང་པོའི་དཔེ་སྟོན་ཁུལ(ས་ཚིགས)འཛུགས་སྐྲུན་ལས་ཁུངས་ལ་ཞིབ་བཤེར་རྩིས་ལེན་བྱ་རྒྱུ་ཡིན་པ་མ་ཟད།  ཁག་གཉིས་པའི་དཔེ་སྟོན་ཁུལ(ས་ཚིགས)གསར་འཛུགས་ལས་ཁུངས་སྙན་སེང་དང་ཞིབ་དཔྱད་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།