ཀྲུང་གོ་བོད་ཀྱི་དྲ་བ།

ཕ་ཡུལ་གྱི་སྔོ་ཞིང་དྭངས་པའི་རི་ཆུ་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས།

ཡོང་ཁུངས། : མཚོ་སྔོན་ཉིན་རེའི་ཚགས་པར།   རྩོམ་པ་པོ། : ཕག་གྲུ་ཡིས་བསྒྱུར།   སྤེལ་དུས། : 2022-10-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

6e34e169-88af-491c-9d3d-e984dfd49290.jpg

མང་ཚོགས་མང་པོ་ཞིག་སྐྱེ་ཁམས་བདག་སྐྱོང་པའི་རུ་ཁག་ཁྲོད་ཞུགས་པ།

“འདི་ནི་དམངས་སེམས་སུ་དྲོ་སྐྱིད་ལྡན་པ་དང་མང་ཚོགས་བར་འབྲེལ་འདྲིས་ཐུབ་པའི་སྙན་ཞུ་ཡག་པོ་ཞིག་རེད། ང་ཚོའི་དེང་ཕྱིན་གྱི་འཚོ་བར་སྔར་བས་རེ་སྒུག་ཆེན་པོ་བྱེད་ཀྱིན་ཡོད”ཟེར། 

 “སྙན་ཞུར་ལྟ་སྐབས‘མི་དམངས་ལྟེ་བར་འཛིན་པའི’འཕེལ་རྒྱས་ཀྱི་བསམ་བློ་དེ་ལས་ང་ཚོ་འབྲོག་པས་འབྱུང་འགྱུར་འབྲོག་ཁུལ་གྱི་འཕེལ་རྒྱས་ཀྱི་མདུན་ལམ་མཐོང་ཐུབ”ཟེར། 

 “ང་ཚོ་འདི་གར་སྐྱེས་པ་དང་། འཚར་ལོངས་བྱུང་བ། འཚོ་བ་སྐྱེལ་བ་བཅས་ཀྱི་ཐད་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུ་ནང་སྔོ་ཞིང་དྭངས་པའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་མཐའ་འཁྱོངས་བྱེད་དགོས་པ་དང་ང་ཚོས་མཛེས་སྡུག་ལྡན་པའི་ང་ཚོའི་ཁྱིམ་གཞིས་བརྟན་སྲུང་ཡག་པོ་བྱེད་དགོས”ཞེས་གསུངས་ཡོད་པ་རེད། 

…… 

 བསྟུད་མར་ཉིན་ཤས་རིང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་ཚ་རླབས་ཤིག་གཙང་གསུམ་འབྱུང་ཡུལ་གྱི་སྔོ་ཞིང་དྭངས་པའི་རི་ཆུའི་ཁྲོད་དུ་འཕྱུར་ཞིང་། ཚང་མས་སྤྲོ་སེམས་འཁོལ་བའི་ངང་གྲོས་བསྡུར་བྱས་པ་བརྒྱུད་དེང་ཕྱིན་འཚོ་བར་བདེ་སྐྱིད་ལྡན་པའི་རི་མོ་སྔར་བས་ཇེ་གསལ་དུ་ཕྱིན། 

སྔ་མོ་ནས་སློབ་སྦྱོང་དང་། སྔ་མོ་ནས་གོ་བ་གསལ་ལེན། སྔ་མོ་ནས་དོན་འཁྱོལ་བཅས་བྱེད་དགོས། ཟླ10བའི་ཚེས24ཉིན་གྱི་སྔ་དྲོར། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་ཟོ་སྐྱ་ཤང་གི་ཏང་ཡོན་བྱེད་སྒོའི་ཁང་དུ་དམིགས་བསལ་གྱི་བརྗོད་བྱ་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་བསྡུ་བཞིན་ཡོད་ཅིང་། སྡེ་བའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་། ཏང་ཡོན། ཤང་ཡོངས་ཀྱི་ཕུལ་བྱུང་སྐྱེེ་ཁམས་བདག་སྐྱོང་བ་བཅས་སྒྲིག་འཛུགས་བྱས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུར་མཉམ་དུ་སློབ་སྦྱོང་དང་གོ་བ་ལེན་བཞིན་ཡོད་པ་རེད། 

གུ་དོག་པའི་ཏང་ཡོན་གྱི་བྱེད་སྒོ་སྤེལ་ཡུལ་དུ་མིས་འཚང་ཁ་ཤིག་ཤིག་བྱེད་ཀྱིན་ཡོད། ཟོ་སྐྱ་ཤང་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཡུས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་གཟབ་ནན་ངང་ཀློག་འདོན་བྱེད་བཞིན་པ་དང་། ཚང་མས་བློ་རྩེ་གཅིག་སྒྲིམ་སྒོས་ཉན་ཞོར་ཟིན་བྲིས་འགོད་བཞིན་ཡོད། “ང་ཚོས་སྔོ་ཞིང་དྭངས་པའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་མཐའ་འཁྱོངས་དང་། རི་ཆུ་ནགས་གསུམ་དང་། ཞིང་ལས། མཚོ་མཚེའུ། བྱེ་མ་བཅས་གཞི་གཅིག་ཅན་སྲུང་སྐྱོང་དང་རྒྱུད་རིམ་ལྡན་པའི་བཅོས་སྐྱོང་མཐའ་འཁྱོངས། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མ་ལག་སྔར་ལས་འཐུས་སྒོ་ཚང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་ལོ་རྒྱུས་ཀྱི་རང་བཞིན་དང་། ཁ་ཕྱོགས་བསྒྱུར་བ། ཁྱོན་ཡོངས་ཀྱི་རང་བཞིན་བཅས་ཀྱི་འཕོ་འགྱུར་བྱུང་བ། ང་ཚོའི་མེས་རྒྱལ་གྱི་ནམ་མཁའ་སྔར་ལས་སྔོ་ཞིང་། རི་བོ་སྔར་ལས་སྔོ་བ། ཆུ་བོ་སྔར་ལས་དྭངས་པ”ཞེས་ཀློག་འདོན་བྱེད་སྐབས་སུ། བྱ་འགུལ་གྱི་ཁང་བའི་ནང་ཐལ་མོའི་རྡེབ་སྒྲ་དང་བགྲོ་གླེང་གི་སྒྲས་ཁེངས་སོང་།

ཝུའུ་ཡུས་ཀྱིས“ང་ཚོ་ཟོ་སྐྱ་ཤང་གི་དེ་རིང་གི་འགྱུར་ལྡོག་ནི་ལས་སླ་པོར་བྱུང་བ་ཞིག་མིན་པར་ཏང་གི་སྲིད་ཇུས་ཡག་པོ་ཡོད་པ་ལས་བྱུང་བ་ཡིན། ང་ཚོས་ཏང་གི་རྗེས་སུ་དམ་པོར་འབྲངས་ནས་དུས་རབས་གསར་པའི་འབྲོག་པ་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་དང་འབྲི་ཆུའི་འབྱུང་འགོ་སྲུང་སྐྱོང་ཡག་པོ་བྱེད་པ་དང་། ‘ཀྲུང་ཧྭའི་ཆུ་ལྕོག’གི་ལྟ་སྲུང་བ་ཚད་ལྡན་ཞིག་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཆུད་ཟོས་སུ་གཏོང་གི་མིན”ཞེས་བཤད་པ་རེད།

ཟོ་སྐྱ་ཤང་ནི་འབྲི་སྟོད་རྫོང་གི་ཆེས་ཐག་རིང་ཤོས་ཀྱི་ཤང་ཞིག་ཡིན་པས“གནམ་མཐའི་ཟོ་སྐྱ”ཞེས་བརྗོད་ཀྱིན་ཡོད་ལ་འབྲི་ཆུའི་འབྱུང་འགོའི་ཤང་དང་པོ་དེའང་ཡིན། ཤང་དེ་ཡོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ6.5ཡོད་པའི་ནང་སྤྱི་ལེ་བཞི་མ4.5ནི་ཨ་ཆེན་གངས་རྒྱབ་ཀྱི་ས་ཁུལ་ཡིན་པ་དང་། ཤང་དེ་ཡོངས་སུ་རྐྱང་ཆུ་དང་། འདམ་ཆུ། སྨུག་ཆུ། གཡག་ཆུ་བཅས་སྡེ་བ4ཡོད་པ་རེད། 2016ལོ་ནས་བཟུང་གཙང་གསུམ་འབྱུང་འགོའི་རྒྱལ་ཁབ་སྤྱི་གླིང་བསྐྲུན་པ་དང་ཆབས་ཅིག་ཟོ་སྐྱ་ཤང་གི་ས་ཁོངས་དེ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འབྲི་ཆུའི་འབྱུང་ཡུལ་གླིང་ཁུལ་གྱི་ལྟེ་བའི་ཁུལ་དུ་བཅུག་ནས་མི་མང་པོ་ཞིག་ཁོར་ཡུག་སྲུང་སྐྱོང་གི་དཔུང་ཁག་ནང་ཞུགས་ཡོད། གསའ་དང་། དྲེད་མོང་། འབྲོང་སོགས་རི་སྐྱེས་སྲོག་ཆགས་དེ་བས་མང་བ་མཐོང་རྒྱུ་ཡོད་ལ། ཟོ་སྐྱ་ཡང་མིང་དོན་མཚུངས་པའི་རི་སྐྱེས་སྲོག་ཆགས་ཀྱི་སྤྲོ་སྐྱིད་གླིང་དུ་གྱུར་ཡོད།

 “ཧྲུའུ་ཅི་ཝུའུ་ཡུས་ཀྱིས་བཤད་པ་དེ་འགྲིག་འདུག གཙང་གསུམ་འབྱུང་ཡུལ་ནི་མི་རབས་ནས་མི་རབས་བར་འཚོ་བའི་ཁྱིམ་གཞིས་ཡིན་པས། ང་ཚོས་བྱ་སྤྱོད་ལ་བརྟེན་ནས་འབྲི་ཆུའི་འབྱུང་ཡུལ་སྲུང་སྐྱོང་ཡག་པོ་བྱེད་དགོས”ཞེས་ཉེ་འགྲམ་གྱི་དོན་གྲུབ་ཀྱིས་དེ་ལྟར་བཤད་བྱུང་།

ད་ལོ་ལོ་ན50ཡིན་པའི་དོན་གྲུབ་ནི་ཟོ་སྐྱ་ཤང་སྨུག་ཆུ་སྡེ་བའི་ཧྲུའུ་ཅི་དང་པོ་དེ་ཡིན་ལ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འབྲི་སྟོད་དོ་དམ་ཁྲུའུ་ཕྱོགས་བསྡུས་པུའུ་ཡི་ཀྲུའུ་རེན་ཡང་ཡིན། 2016ལོ་ནས་བཟུང་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་བར་རྟེན་འབྲེལ་འགྲིག་པ་རེད།

 “དེ་རིང་སྐོར་གཡེང་སྤྱི་ལེ10ཡི་སར་རྨས་སྐྱོན་ཕོག་པའི་རྐྱང་ཞིག་རྙེད་བྱུང་བས་ང་ཚོས་མྱུར་སྐྱོབ་བྱེད་བཞིན་ཡོད”། “དེ་རིང་ཁ་བ་ཆེན་པོ་བབས་ཀྱང་། ཁ་བའི་ནང་སྐོར་གཡེང་སྤྱི་ལེ6བྱས་ཀྱང་ཡོད་ཚད་རྒྱུན་རེད”ཟེར། དོན་གྲུབ་སྨུག་ཆུ་སྡེ་བའི་ཧྲུའུ་ཅི་དང་པོ་བྱས་པ་ནས་བཟུང་སྡེ་བའི་སྐྱེ་ཁམས་དོ་དམ་སྲུང་སྐྱོང་ལས་དོན་སྤེལ་བའི་ནང་ཁོང་རང་དངོས་སུ་ཞུགས་ནས་འབད་བརྩོན་བྱེད་ཀྱིན་ཡོད། ལས་ཚོགས་གྲོལ་རྗེས་ཁོང་གིས་སྐད་འཕྲིན་ཚོགས་པ་ལས་ཉིན་དེའི་སྐོར་གཡེང་གནས་ཚུལ་ཤེས་རྟོགས་བྱེད་པ་དང་དེའི་རྗེས་ཉིན་གཉིས་པའི་སྐོར་གཡེང་ལས་འགན་བཀོད་སྒྲིག་བྱེད་ཀྱིན་ཡོད།

དུས་ཚོད་ཡོད་ཕྱིན། དོན་གྲུབ་ཀྱིས་སྡེ་བའི་སྐྱེ་ཁམས་བདག་སྐྱོང་བ་དང་མཉམ་དུ་རི་སྐོར་རྒྱག་གིན་ཡོད། གྲང་ངར་འགོག་པའི་གྱོན་ཆས་གྱོན་པ་དང་། ཕུ་ཐུང་གི་རྟགས་བརྒྱབ་ནས་འཁྱགས་ཤ་གཅིག་དང་། ཆུ་དེམ་གང་། རྩམ་པ་ཁུག་མ་གང་། རྒྱང་ཤེལ་བཅས་འཁུར་ཏེ་སྦག་སྦག་འཁོར་ལོ་བཞོན་ནས་རི་བོ་ཆེན་པོའི་ཁོངས་སུ་བསྐྱོད། རི་སྐོར་བྱེད་ཐེངས་རེར་ཉིན་གསུམ་ལས་འགོར་གྱིན་མེད། ལྟོ་སྐོམ་བྱུང་ན་དོ་དམ་པ་ཚོས་ལྟོ་ཆས་ཁམ་གང་ལས་ཟ་གི་མེད་པ་དང་། མཚན་མོ་གཉིད་ཆག་རྗེས་འབྲོག་པའི་ཁྱིམ་གཡར་ནས་སྡོད་ཀྱིན་ཡོད།

“ད་ལྟ་འབྲི་སྟོད་རྫོང་གི་འབྲོག་པའི་ཁྱིམ་ཚང4047རྒྱལ་ཁབ་སྤྱི་གླིང་གི་ཁོངས་སུ་བཅུག་ཡོད། ཁྱིམ་ཚང་རེར་མི་གཅིག་གིས་སྐྱེ་ཁམས་བདག་སྐྱོང་བ་བྱས་པས་གླིང་ཁུལ་དུ་སྐོར་གཡེང་སྲུང་སྐྱོང་བ་ཁྱོན་ཡོངས་སུ་ཁྱབ་ཡོད་པ་རེད། ང་ཚོ་སྨུག་ཆུ་སྡེ་བའི་སྐྱེ་ཁམས་བདག་སྐྱོང་རུ་ཁག་ལ་རྟ་རུ་ཁག་དང་སྦག་སྦག་འཁོར་ལོ་རུ་ཁག་གཉིས་ཡོད་པ་དང་ཁྱོན་མི40ཡོད། རུ་ཁག་གི་དར་ཆ་དང་། བྲང་རྟགས། ལག་རྟགས། སྐོར་གཡེང་ལག་ཁྱེར་བཅས་གཅིག་གྱུར་ཐོག་བཀོད་སྒྲིག་བྱས་ཡོད”ཅེས་བཤད། དོན་གྲུབ་ཀྱིས“མིག་སྔར་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱ་རྒྱུ་ནི་དོན་ཆེན་ཨང་དང་པོ་རེད། དགོངས་དོན་གྱི་ངོ་བོ་སློབ་སྦྱོང་དང་གོ་བ་ཡག་པོ་ལེན་པ་དང་སྐྱེ་ཁམས་སྲུང་སྐྱོང་གི་དམིགས་ཚད་དང་ལས་འགན་གསལ་པོ་ཤེས་ཚེ་ང་ཚོས་གཞི་ནས་སྐྱེ་ཁམས་བདག་སྐྱོང་པ་ཚད་ལྡན་ཞིག་བྱེད་ཐུབ་པ་དང་། གཞི་ནས་གཙང་གསུམ་འབྱུང་ཡུལ་སྔོ་ཞིང་དྭངས་པའི་རི་ཆུ་སྲུང་སྐྱོང་ཡག་པོ་བྱེད་ཐུབ”ཅེས་བཤད་པ་རེད།

ཉེ་བའི་ལོ་ཤས་རིང་། ཟོ་སྐྱ་ཤང་གིས་རྒྱལ་ཁབ་སྤྱི་གླིང་སྐྲུན་པའི་གོ་སྐབས་བཟང་པོར་བརྩིས་ཏེ། ཤང་ཡོངས་སུ“ཏང་འཛུགས་སྐྱོང་+སྐྱེ་ཁམས”ཀྱི་ལས་ཀའི་མ་དཔེ་བཙུགས་ནས། ཏང་ཡོན་གྱི་སྣེ་ཁྲིད་འོག རང་འགུལ་སྒོས་རྐྱང་ཆུ་སྡེ་བར་རྐྱང་སྲུང་སྐྱོང་ཁུལ་བཙུགས་པ་དང་། སྨུག་ཆུ་སྡེ་བར་འབྲོང་སྲུང་སྐྱོང་ཁུལ་བཙུགས་པ། གཡག་ཆུ་སྡེ་བར་གསའ་སྲུང་སྐྱོང་ཁུལ་བཙུགས་པ། འདམ་ཆུ་སྡེ་བར་གཙོད་སྲུང་སྐྱོང་ཁུལ་བཙུགས་པ་སོགས་དང ། ད་རུང་འདམ་ཆུ་སྡེ་བའི་མཚོ་ཁྲི་གཞུང(རྒྱ་ཡིག་ལ“མཚེའུ་ཆུང་ངུ་ཁྲི་གཅིག”ཅེས་བསྒྱུར་ཡོད)གི་འདམ་ར་སྲུང་སྐྱོང་ཁུལ་དང་གཡག་ཆུ་སྡེ་བའི་ཀླུ་རི་མཚོ་བརྒྱ(རྒྱ་ཡིག་ལ“མཚེའུ་ཆུང་ངུ་བརྒྱ”ཞེས་བསྒྱུར་ཡོད)ཡི་འདམ་ར་སྲུང་སྐྱོང་ཁུལ་བཅས་ཡོད་པ་རེད། འདམ་ར་སྲུང་སྐྱོང་ཁུལ་དེ་དག་ཏུ་ཁྲུང་ཁྲུང་སྐེ་ནག་དང་ཁྲུང་ཁྲུང་མགོ་ཁྲ་སོགས་རིགས60ལྷག་ཙམ་ཡོད། མིག་སྔར་ཟོ་སྐྱ་ཤང་གིས་སྲུང་སྐྱོང་ཁུལ་ཆེན་པོ7དང་སྲུང་སྐྱོང་ཁུལ་ཆུང་ངུ64བསྐྲུན་ནས་སྡེ་བ་རེར་སྲུང་སྐྱོང་ཁུལ་ཆེན་པོ་གཅིག་དང་སྲུང་སྐྱོང་ཁུལ་ཆུང་ངུ16གི་དྲ་མིག་ཅན་གྱི་སྲུང་སྐྱོང་བྱེད་སྟངས་རགས་ཙམ་ཆགས་ཡོད་པ་རེད། དེས་མ་ཚད་ཟོ་སྐྱ་ཤང་གི་སྡེ་བ་ཚང་མར་ད་དུང་རང་རང་སོ་སོའི་ཁོར་ཡུག་སྲུང་སྐྱོང་གི་དུས་ཆེན་ཡོད་པ་དེ་སྡེ་བ་ཚང་མའི་སྲོལ་རྒྱུན་དུས་ཆེན་ཞིག་ཏུ་གྱུར་ཡོད།

ཉིན་གུང་གི་དུས་སུ། ཐེངས་འདིའི་དམིགས་བསལ་གྱི་བརྗོད་བྱ་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་ཡང་མཇུག་རྫོགས་གྲབས་ཡོད། ཝུའུ་ཡུས་ཀྱིས“ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་དུས་རབས་གསར་པར་འབད་འབུངས་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་སྟོབས་ཤུགས་གཅིག་སྡུད་བྱས་པ་མ་ཟད། ང་ཚོར་དམིགས་ཚད་གཏན་འཁེལ་དང་། ཁ་ཕྱོགས་གསལ་སྟོན། ལམ་བུ་གསལ་སྟོན་བཅས་བྱས་ཡོད། ང་ཚོས‘སྔོ་ཞིང་ཆུ་དྭངས་པའི་རི་ཆུ་ནི་གསེར་རི་དངུལ་རི’ཡིན་པའི་འདུ་ཤེས་བློ་ལ་བརྟན་པོར་བཅངས་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཡག་པོ་དང་སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡཡག་པོ་བཅས་བྱེད་དགོས”ཞེས་བཤད་པ་རེད། །

རྩོམ་སྒྲིག་པ། : ཕག་གྲུབ།